མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་གོ་སྐབས་དམ་འཛིན་བྱས་ནས་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ལྡན་འཕང་འབྲས་ཐོན་ལས་ཀྱི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཇེ་ཆེར་གཏོང་བའི་གྲོས་གཞི་བསྒྲུབ་པའི་མཐུན་སྦྱོར་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོ་ཡུང་གིས་གོ་སྐབས་དམ་འཛིན་བྱས་ནས་རང་ཞིང་གི་སྐྱེ་ལྡན་འཕང་འབྲས་ཐོན་ལས་ཀྱི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཇེ་ཆེར་གཏོང་བའི་གྲོས་གཞི་གལ་ཆེན་བསྒྲུབ་པའི་ཐད་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་ནས་འབྲེལ་ཡོད་གནས་ཚུལ་ལ་ཉན།

ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་གྲོས་འདོན་རྒྱབ་ལྗོངས་ངོ་སྤྲོད་བྱས་པ་དང་། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་དང་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ། ཞིང་ཆེན་ཚོང་ར་ལྟ་སྐུལ་དོ་དམ་ཅུའུ། མཚོ་ནུབ་ཁུལ་སྲིད་གཞུང་བཅས་ཀྱིས་གྲོས་གཞི་བསྒྲུབ་པའི་གནས་ཚུལ་ངོ་སྤྲོད་བྱས། ཚོགས་ཞུགས་མི་སྣས་བརྗོད་སྙིང་ལ་དམིགས་ནས་བརྗེ་རེས་གཏིང་ཟབ་བྱས།

ཝང་ཞོ་ཡུང་གིས་བསྟན་དོན། སྐྱེ་ལྡན་འཕང་འབྲས་ནི་མཚོ་སྔོན་གྱི་རེ་བ་ལྡན་པའི་ཐོན་ལས་དང་ཚོང་རྟགས་མིང་གྲགས་ཅན་ཡིན་པས་གྲོས་གཞི་བཏོན་པ་ཧ་ཅང་བཟང་། འབྲེལ་ཡོད་སྡེ་ཁག་སོ་སོས་བྱེད་ཐབས་བཟང་བོ་སྤྱད་པ་དང་། གནད་དོན་ལ་རྒྱུས་ལོན་ཡང་དག་བྱས་ལ། ཁ་ཕྱོགས་གཏན་ཁེལ་གསལ་བོ་བྱས་པ་དང་། གྲོས་གཞི་ནན་ཏན་སྒོས་བསྒྲུབ་ལ། གོང་འོག་ཡོངས་ཀྱི་འབད་འཐབ་བྱས་པ་བརྒྱུད་དེ། མཚོ་ནུབ་སྐྱེ་ལྡན་འཕང་འབྲས་ཀྱི་ཁུལ་ཁོངས་རང་བཞིན་གྱི་ཐོན་སྐྱེད་རྟེན་གཞི་གལ་ཆེན་དུ་གྱུར་བ་དང་། བྱ་བ་ཤུགས་ཆེན་པོས་སྤེལ་བཞིན་ཡོད། མཚོ་སྔོན་ནི་རྒྱལ་ཡོངས་ཀྱི་སྐྱེ་ལྡན་ཁས་ལེན་འཛིན་ཡིག་བླངས་པའི་ཞིང་ཆེན་གཅིག་པུ་ཡིན་ལ། མཚོ་སྔོན་གྱི་འཕང་འབྲས་ཚོང་རྟགས་ཀྱི་ཚོང་རའི་གོ་གནས་ཧ་ཅང་གལ་ཆེ། སྐྱེ་ལྡན་འཕང་འབྲས་འདེབས་འཛུགས་ལག་རྩལ་དེ་མགྱོགས་མྱུར་སྒོས་ཇེ་མཐོར་སོང་ནས། ཞིང་ཆེན་ཡོངས་ཀྱི་འཕང་འབྲས་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་རྫས་སྣ་གཙོ་བོར་གྱུར་ཡོད་ཟེར།

ཝང་ཞོ་ཡུང་གིས་ནན་གྱིས་བསྟན་དོན། གྲོས་འདོན་སྡེ་ཁག་གིས་རྒྱུན་མཐུད་ངང་སྐྱེ་ལྡན་འཕང་འབྲས་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་དོ་སྣང་བྱེད་པ་དང་། གྲོས་གཞི་སྒྲུབ་འགན་ཁུར་བའི་ལས་ཁུངས་ཀྱིས་མུ་མཐུད་དུ་ཤུགས་ཆེན་པོས་གྲོས་གཞི་བསྒྲུབ་ནས་ཕན་འབྲས་ལེན་ཐུབ་པར་བྱེད་པ། ཞིང་ཆེན་སྲིད་གྲོས་གྲོས་འདོན་ཨུ་ཡོན་ལྷན་ཁང་གིས་སྲིད་གྲོས་ཀྱི་གྲོས་གཞི་བསྒྲུབ་པའི་བྱ་བར་ལེགས་བསྒྱུར་དང་གསར་གཏོད་བྱེད་པ་དང་། གྲོས་གཞི་བསྒྲུབ་པར་རྗེས་འདེད་བྱེད་པ་དང་ཕན་འབྲས་ལེན་པར་ཤུགས་བསྣན་ནས། གྲོས་གཞི་བསྒྲུབ་པ་དེས་འཕང་འབྲས་ཐོན་ལས་འཕེལ་རྒྱས་ཐད་སྐུལ་འདེད་ཀྱི་ནུས་པ་བཟང་བོ་འདོན་པར་ཁག་ཐེག་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།