མཚོ་སྔོན་ཞིང་ཆེན་གྱིས་དབྱི་སི་རལ་གྱི་ཞིང་ལས་ཆེད་མཁས་པས་མཚོ་སྔོན་དུ་འཆད་ཁྲིད་བྱེད་པའི་བྱེད་སྒོ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་སྐྱེ་ལྡན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྔར་བས་སྐུལ་འདེད་བཏང་ནས་ཞིང་ལས་ཚན་རྩལ་མི་སྣའི་མཐོང་རྒྱ་ཆེ་རུ་གཏོང་བ་དང་སྔོན་ཐོན་གྱི་དེང་རབས་ཞིང་ལས་ལག་རྩལ་སློབ་སྦྱོང་དང་ཁོང་དུ་ཆུད་པ་བྱ་ཆེད། ཉེ་ཆར་ཀྲུང་གོ་རྒྱལ་སྤྱིའི་ཤེས་ལྡན་མི་སྣའི་སྤེལ་རེས་མཐུན་ཚོགས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་མཚོ་སྔོན་ཞིང་ཆེན་གྱིས་དབྱི་སི་རལ་གྱི“ཆུ་གྲོན་ཆུང་གི་ཆུ་འདྲེན་ལག་རྩལ”གྱི་ཆེད་མཁས་པ་མཚོ་སྔོན་དུ་འཆད་ཁྲིད་བྱེད་པའི་བྱེད་སྒོ་སྤེལ་བ་དང་མཚོ་ཤར་གྲོང་ཁྱེར་དང་དེ་བཞིན་རྫོང་དང་ཁུལ་དྲུག་ནས་ཡོང་བའི་ཞིང་ལས་ལག་རྩལ་ཁྱབ་གདལ་དང་ཞབས་ཞུའི་ལས་དོན་གྱི་ཆེད་ལས་ལག་རྩལ་མི་སྣ་70ལྷག་ཙམ་གསོ་སྦྱོང་ནང་ཞུགས་ཡོད་པ་རེད།

དུས་ཡུན་ཉིན་གསུམ་གྱི་འཆད་ཁྲིད་བྱེད་སྒོའི་ནང་དབྱི་སི་རལ་གྱི་འབྲེལ་ཡོད་ཆེད་ལས་ཀྱི་ཆུ་ལུད་ཆེད་མཁས་པ་དང་། ས་རྒྱུ་དང་ཆུའི་ཚན་རིག་ཆེད་མཁས་པ་སོགས་ཀྱི་མི་སྣ་གསོ་སྦྱོང་ནང་ཞུགས་ནས་སློབ་མ་དག་ལ་དབྱི་སི་རལ་གྱི་སྔོན་ཐོན་གྱི་ཆུ་གྲོན་ཆུང་གི་ཆུ་འདྲེན་ལག་རྩལ་དང་། ཆུ་ལུད་གཞི་གཅིག་ཅན་གྱི་ལག་རྩལ། གོ་ལ་ཧྲིལ་པོའི་སྔོན་ཐོན་གྱི་རིག་ནུས་ཞིང་ཆུ་ཕྲན་བུ་འདྲེན་པའི་ཐག་གཅོད་ཇུས་གཞི་སོགས་ངོ་སྤྲོད་བྱས་པ་དང་འབྲེལ་སློབ་མ་དང་སྤྲོ་སེམས་འཁོལ་བའི་མཉམ་འགུལ་རྣམ་པའི་སྤེལ་རེས་དང་བགྲོ་གླེང་ཡང་བྱས་པ་རེད། འཆད་ཁྲིད་བྱེད་སྒོ་མཇུག་སྒྲིལ་རྗེས་དབྱི་སི་རལ་གྱི་ཆེད་མཁས་པས་ད་དུང་སློབ་མ་ཚོར་དབྱི་སི་རལ་གྱི་MASHAVཡིས་སྤྲད་པའི་སློབ་མཇུག་སྒྲིལ་བའི་ལག་ཁྱེར་འཛིན་ཡིག་སྤྲད་པ་རེད། 

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།