ལིག་ཉིང་གིས་ཟི་ལིང་གི་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་བའི་ཚེས་བཅོ་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་ཟི་ལིང་གྲོང་ཁྱེར་གྱི་འགྲིམ་འགྲུལ་འཆར་འགོད་འཛུགས་སྐྲུན་དང་རིག་དངོས་སྲུང་སྐྱོབ་སོགས་བྱ་བར་ཞིབ་བཤེར་མཛུབ་སྟོན་བྱས་ནས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང། བསམ་བློ་བཅིངས་འགྲོལ་བྱེད་པ། མིག་སྔའི་གནས་ཚུལ་ལ་རྐང་བཙུགས་ནས། ཡུན་རིང་ལ་དམིགས་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བྱས་ཏེ། དེང་རབས་མཐོ་སྒང་གི་མཛེས་སྡུག་གྲོང་ཁྱེར་འཛུགས་སྐྲུན་བྱེད་དགོས་ཟེར།

ལིག་ཉིང་ཐོག་མར་ཏ་ཐུང་རྡོ་སོལ་གཏེར་ཁུངས་ཡན་ལག་ལྕགས་ལམ་གྱི་ཟི་ལིང་བྱང་ཕྱོགས་ནས་སུང་ཅཱ་སྡེ་བའི་བར་མཚམས་ཀྱི་བསྒྱུར་སྤོར་བཟོ་སྐྲུན་གྱི་འཛུགས་སྐྲུན་ཡུལ་དངོས་སུ་སོང་ནས། ལས་གཞིའི་འཆར་འགོད་པར་རིས་ལ་ཟུང་འབྲེལ་བྱས་ཏེ་ལས་གཞི་འཛུགས་སྐྲུན་གནས་ཚུལ་ལ་རྒྱུས་ལོན་བྱས་པ་མ་ཟད། འཆར་གཞི་ཇུས་འགོད་ལས་ཁུངས་ཀྱི་འགན་ཁུར་མི་སྣ་དང་བརྗེ་རེས་གཏིང་ཟབ་བྱས། དེའི་རྗེས་སུ་ལིག་ཉིང་ཟི་ལིང་གྲོང་ཁྱེར་ཧྲིན་ནཱ་རྗེས་ཤུལ་སྤྱི་གླིང་དང་ཟི་ལིང་གྲོང་ཁྱེར་མང་ཚོགས་རིག་གནས་སྒྱུ་རྩལ་བྱ་འགུལ་བརྗེ་རེས་ལྟེ་གནས་ཀྱི་ལས་གཞི་འཛུགས་སྐྲུན་ཡུལ་དངོས་སུ་སོང་ནས། ལས་གཞི་འཛུགས་སྐྲུན་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ལིག་ཉིང་གིས་བསྟན་དོན། ཧྲིན་ནཱ་རྗེས་ཤུལ་གྱི་རིག་གནས་ནང་དོན་ཕུན་སུམ་ཚོགས་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་དངོས་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་བྱེད་པར་གཅིག་གྱུར་འཆར་འགོད་བྱེད་པ། རྗེས་ཤུལ་སྤྱི་གླིང་གི་འབྲེལ་ཡོད་ཆ་སྡེབས་ཞབས་ཞུའི་སྒྲིག་ཆས་དང་རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་སྒྲིག་ཆས་སོགས་བྱ་བ་བཟང་བོར་བསྒྲུབ་པ། ཧྲིན་ནཱ་རྗེས་ཤུལ་གྱི་ལོ་རྒྱུས་རིན་ཐང་དང་ཚན་རིག་རིན་ཐང་། སྒྱུ་རྩལ་རིན་ཐང་འགྲེམ་སྟོན་བྱེད་པ། རིག་དངོས་སྲུང་སྐྱོབ་དང་ས་གནས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཉིས་ཟུང་འབྲེལ་བྱེད་པ། རིག་གནས་དང་གནས་སྐོར་གཉིས་མཉམ་བསྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་སྟེ། ཟི་ལིང་གི་རིག་གནས་གསར་བའི་མཚོན་རྟགས་འཛུགས་སྐྲུན་བྱེད་པ་དང་། ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གསོན་ཤུགས་དང་ཤན་ཤུགས་ཇེ་དྲག་ཏུ་གཏོང་དགོས་ཟེར།

ལིག་ཉིང་གིས་ནན་གྱིས་བསྟན་དོན། ཟི་ལིང་གྲོང་ཁྱེར་མང་ཚོགས་རིག་གནས་སྒྱུ་རྩལ་བྱ་འགུལ་བརྗེ་རེས་ལྟེ་གནས་འཛུགས་སྐྲུན་ལས་གཞིའི་རྒྱ་ཁྱོན་ཆེ་བ་དང་འཛུགས་སྐྲུན་བྱེད་དཀའ་བས། ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱེད་པ་དང་། སྤུས་ཚད་ཀྱི་འགག་སྒོ་དམ་སྲུང་བྱེད་པ། སྤུས་ལེགས་ཇུས་འགོད་དང་ཚད་གཞི་མཐོ་བའི་འཛུགས་སྐྲུན་བརྒྱུད་དེ། སྒྲིག་ཆས་ཆ་ཚང་བ་དང་གྲུབ་ཚུལ་ལུགས་མཐུན་ཡིན་པ། འཕེལ་རྒྱས་དོ་མཉམ་པ། ཕན་འབྲས་ལྡན་པའི་སྤྱི་ཐུན་རིག་གནས་ཞབས་ཞུ་མ་ལག་འཛུགས་སྐྲུན་བྱས་ནས། མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་འཕར་བཞིན་པའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་བ་དང་། མང་ཚོགས་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དུ་འཇུག་དགོས་ཟེར། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།