རྒྱལ་ཁབ་ཚོང་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་མཉམ་ལས་བརྗེ་རེས་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་ཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཁབ་ཚོང་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་མཉམ་ལས་བརྗེ་རེས་བཞུགས་མོལ་ཚོགས་འདུ་ཟླ་དགུ་བའི་ཚེས་བཅུ་བདུན་ཉིན་ཟི་ལིང་ནས་ཚོགས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་དང་། རྒྱལ་ཁབ་ཚོང་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་། ཏང་ཙུའུ་ཧྲུའུ་ཅི་ཞའོ་ཡཱ་ཆིན་གཉིས་ཚོགས་འདུར་ཞུགས་ནས་གཏམ་བཤད། ཧྲིན་ཀྲང་གཞོན་པ་ཀྲང་ལིས་ཀྱིས་ཤིས་ཚིག་ཕུལ། རྒྱལ་ཁབ་ཚོང་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་སུང་མེ་ཅུན་གྱིས་ཚོགས་འདུར་འགོ་མཛིན་བྱས།

ལིག་ཉིང་གིས་བསྟན་དོན། དུས་ཡུན་རིང་བོར། ཚོང་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་དང་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་སོ་སོའི་ཚོང་ར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་ལེན་མཐར་ཕྱིན་བྱས་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་བཏང་ལ། རང་རྟོན་བཞི་ཇེ་བརྟན་དུ་བཏང་བ་དང་། སྲུང་སྐྱོབ་གཉིས་ལག་བསྟར་བྱས་ལ། མ་དངུལ་དང་ལས་གཞི། ཤེས་ལྡན་མི་སྣའི་ཐད་ཀྱི་རོགས་སྐྱོར་སྤེལ་ནས། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བ་དང་ལྷག་པར་དུ་ཚོང་རའི་ལྟ་སྐུལ་དོ་དམ་གྱི་བཅོས་སྒྱུར་གསར་གཏོད་ཐད་ལ་བྱས་རྗེས་ཆེན་པོ་བཞག དུས་རབས་གསར་བར་མཚོ་སྔོན་གྱི་དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བ་དང་ཚོང་རའི་ལྟ་སྐུལ་དོ་དམ་ཐད་ནས་བཅོས་སྒྱུར་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་ན། རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་བྱེད་དགོས་ལ། རྒྱལ་ཁབ་ཕྱོགས་ངོས་ཀྱི་དམིགས་བསལ་ཐུགས་ཁུར་དང་རོགས་སྐྱོར་བྱེད་མཁན་སོ་སོའི་རྒྱབ་སྐྱོར་དེ་ལས་ཀྱང་དགོས་པས། སྤུས་ལེགས་མཚོ་སྔོན་འཛུགས་སྐྲུན་བྱེད་པ་དང་། ཚོང་གཉེར་ཁོང་ཡུག་ལེགས་སྒྱུར་བྱེད་པ། རྨང་གཞིའི་སྒྲིག་ཆས་ལེགས་སྒྱུར་དང་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པ་སོགས་ཕྱོགས་ནས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་རེ་བ་བཅངས་ཡོད། མཚོ་སྔོན་ཞིང་ཆེན་གྱིས་ཐེངས་འདིའི་བཞུགས་མོལ་ཚོགས་འདུ་འགོ་ཚུགས་ས་གསར་བ་རུ་བྱེད་པ་དང་། ཚོང་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡི་རྒྱབ་སྐྱོར་བསམ་འཆར་དང་ཁ་གཏད་རོགས་སྐྱོར་གྱི་སྒྲོམ་གཞིའི་གྲོས་མཐུན་ལག་བསྟར་ནན་མོ་བྱས་ཏེ། ཧུར་ཐག་གིས་ཚོང་རའི་ལྟ་སྐུལ་དོ་དམ་མ་ལག་གི་མཚོ་སྔོན་རོགས་སྐྱོར་མཉམ་ལས་བརྗེ་རེས་ཐད་ཀྱི་རིམ་སྤོར་མངོན་འགྱུར་བྱེད་དགོས་ཟེར།

ཞའོ་ཡཱ་ཆིན་གྱིས་ནན་གྱིས་བསྟན་དོན། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དང་། ཡུན་རིང་གི་མ་ལག་བཟོ་སྐྲུན་ཞིག་ཡིན། ཚོང་ར་ལྟ་སྐུལ་སྡེ་ཁག་གིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བ་རྒྱུན་འཁྱོངས་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། རྩ་འཛུགས་ཀྱི་འགན་སྲུང་ཇེ་དྲག་ཏུ་གཏོང་བ་དང་དམ་འཛིན་ནན་མོ་བྱེད་དགོས། རང་རྟོགས་རང་འགུལ་གྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བར་ཤུགས་སྣོན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཁུལ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ། མ་རིགས་ས་ཁུལ་གྱི་དབུལ་སྐྱོར་དབུལ་ཐར་ལ་སྐུལ་འདེད་བཏང་སྟེ། རྒྱ་ཆེའི་བོད་རིགས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། ཕག་གྲུབ།

དཔྱད་མཆན 0 ཡོད།