མཚོ་སྔོན་ཞིང་ཆེན་གྱི་དབུལ་སྐྱོར་མཉམ་ལས་ཐད་ཀྱི་ཏང་ཀྲི་པུའུ་ཐོག་མ་དཔའ་ལུང་རྫོང་དུ་བཙུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཞི་ཧྲན་དང་དཔའ་ལུང་གི་ཤར་ནུབ་རྒྱུད་དབུལ་སྐྱོར་མཉམ་ལས་ཀྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་མི་སྣའི་གནས་སྐབས་ཀྱི་ཏང་ཀྲི་པུའུ་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་དུ་བཙུགས་པ་དང་། དེ་ནི་ཞིང་ཆེན་ཡོངས་ཀྱི་ཤར་ནུབ་རྒྱུད་དབུལ་སྐྱོར་མཉམ་ལས་མི་སྣས་གྲུབ་པའི་ཏང་ཀྲི་པུའུ་ཐོག་མ་ཡིན།

རྒྱུས་ལོན་བྱུང་བ་ལྟར་ན། གནས་སྐབས་ཀྱི་ཏང་ཀྲི་པུའུ་འཛུགས་པའི་བྱ་བར་དཔའ་ལུང་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་ཧ་ཅང་མཐོང་ཆེན་བྱས་པ་དང་། དཔའ་ལུང་རྫོང་ཏང་ཨུའི་རྩ་འཛུགས་པུའུ་ཡིས་དངོས་སུ་བྱ་བ་སྤེལ་བ་མ་ཟད་ཟིན་ཐོར་བཀོད་ལ། དཔའ་ལུང་རྫོང་ལས་ཁུངས་ཀྱི་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཆེད་དུ་ཆོག་མཆན་བཀོད། མིག་སྔར་ཀྲི་པུའུ་རུ་བསྡོམས་པས་ཏང་ཡོན་བཅུ་ཡོད་པ་དང། ཚང་མ་ལས་ཁུར་སྦྱོང་བརྡར་ལས་བྱེད་པ་དང་སློབ་གསོ་དང་སྨན་བཅོས། ཞིང་ལས་ཐད་ཀྱི་རོགས་སྐྱོར་ཆེད་དོན་ལག་རྩལ་ཤེས་ལྡན་མི་སྣ་རེད་ཟེར།

གནས་སྐབས་ཀྱི་ཏང་ཀྲི་པུའུ་ཡི་འགན་འཁྲི་གཙོ་བོ་ནི་ཏང་ཡོན་གྱི་སློབ་སྦྱོང་ལ་རྩ་འཛུགས་བྱེད་པ་དང་། ཏང་ཡོན་གྱི་དོ་དམ་ལ་ཤུགས་སྣོན་པ། ཏང་ཡོན་གྱི་ལྟ་སྐུལ་སྤེལ་བ་མ་ཟད། མཐུན་སྦྱོར་ངང་ཞི་ཧྲན་ཆུའུ་ཡི་དཔའ་ལུང་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་འབྲེལ་ཡོད་བྱ་བ་བསྒྲུབ་བཞིན་ཡོད། ཀྲི་པུའུ་བཙུགས་རྗེས། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་མི་སྣའི་དཔུང་སྡེ་འཛུགས་སྐྲུན་ལ་སྔར་ལས་ཤུགས་སྣོན་པར་ཕན་པ་ཡོད་པ་དང་། ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་བྱ་བའི་ཁྲོད་ཏང་ཀྲི་པུའུ་ཡི་འཐབ་འཛིང་གི་སྒོ་རགས་ལྟ་བའི་ནུས་པ་དང་ཏང་ཡོན་གདོང་ལེན་པའི་དཔེ་མཚོན་ནུས་པ་འདོན་སྤེལ་བྱེད་པར་ཕན་པ་ཆེན་པོ་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། 2018ལོ་ནས་བཟུང་། ཞི་ཧྲན་དང་དཔའ་ལུང་གཉིས་ཀྱིས་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་བརྗེ་རེས་བྱ་བར་ཧ་ཅང་མཐོང་ཆེན་བྱས་པ་དང་། ལོ་གཉིས་རིང་ལ། བསྡོམས་པས་ལས་བྱེད་པ་བརྒྱད་མངག་པ་དང་། ཤེས་ལྡན་མི་སྣ་བཞི་བརྒྱ་ལྷག་བརྗེ་རེས་བྱས། ལས་བྱེད་པའི་ལས་ཁུར་སྦྱོང་བརྡར་བྱེད་པ་བརྒྱུད་དེ། བྱ་བའི་འདུ་ཤེས་དང་བྱེད་ཐབས་བརྗེ་རེས་བྱས་པ་དང་། གོ་རིམ་ལྡན་པ་དང་ཤུགས་ཡོད་པའི་སྒོ་ནས་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་བྱ་བ་སྤེལ་ནས། གྲུབ་འབྲས་མངོན་གསལ་བླངས། ཕན་ཚུན་བར་ཤེས་ལྡན་མི་སྣ་མངག་པ་དང་། ཆེད་ལས་ལག་རྩལ་བརྗེ་རེས་བྱས་པ་བརྒྱུད་དེ། རྒྱང་རྟེན་སྨན་བཅོས་དང་རྒྱང་རྟེན་སློབ་གསོ་སྤེལ། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།