མཚོ་སྔོན་ཞིང་ཆེན་འཛམ་གླིང་ཧྲིལ་བོར་འོས་སྦྱོར་བྱེད་པའི་བྱ་འགུལ་གྲ་སྒྲིག་བྱ་བའི་སྐུལ་སྤེལ་ཚན་ཆུང་གི་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིན་ནས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཕྱི་འབྲེལ་པུའུ་ཡི་མཚོ་སྔོན་ཞིང་ཆེན་འཛམ་གླིང་ཧྲིལ་བོར་འོས་སྦྱོང་བྱེད་པའི་བྱ་འགུལ་གྲ་སྒྲིག་བྱ་བའི་སྐུལ་སྤེལ་ཚན་ཆུང་གི་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིན་ནས་བསྡུས། ཚོགས་ཐོག་ནས་གྲ་སྒྲིག་བྱ་བ་སྤེལ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། ཧུའུ་ནན་གྱི་འོས་སྦྱོར་བྱ་འགུལ་གྱི་གནས་ཚུལ་ལ་ལྟ་སྦྱོང་བྱས་པ་དང་གཞི་གཅིག་ཏུ་སྦྲེལ་ནས་དུས་རིམ་རྗེས་མའི་བྱ་བ་གཙོ་བོར་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲང་ཞི་མེན་ཚོགས་འདུར་ཞུགས་ནས་གཏམ་བཤད་པ་དང་། ཧྲིན་ཀྲང་གཞོན་པ་ཀྲང་ལིས་ཀྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།

གྲོས་ཚོགས་ལས་བསྟན་དོན། མི་འགྱངས་པར་སྤེལ་ལ་ཉེ་བའི་ཕྱི་འབྲེལ་པུའུ་ཡིས་མཚོ་སྔོན་འཛམ་གླིང་ཧྲིལ་བོར་འོས་སྦྱོར་བྱེད་པའི་བྱ་འགུལ་ནི་མཚོ་སྔོན་གྱི་ལོ་ཧྲིལ་བོའི་ལས་རིམ་ཁྲོད་ཀྱི་གཞི་ཁྱོན་ཆེས་ཆེ་ཞིང་རིམ་ངོས་ཆེས་ཡངས་པའི་ཕྱི་ཕྱོགས་ལ་དྲིལ་སྒྲོག་འོས་སྦྱོར་བྱེད་པའི་ལས་སྒོ་ཞིག་ཡིན་ལ། མཚོ་སྔོན་གྱི་སྐྱེ་ཁམས་གོ་གནས་དང་རིན་ཐང་། མི་མངོན་པའི་ནུས་ཤུགས་བཅས་དྲིལ་སྒྲོག་གང་ལེགས་བྱ་རྒྱུ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པའི་རིང་གི་མཚོ་སྔོན་གྱི་ལས་རིམ་ཁག་སོ་སོའི་འཕེལ་རྒྱས་གྲུབ་འབྲས་ངོམ་པ། ཀྲུང་གོའི་གཏམ་རྒྱུད་ལས་མཚོ་སྔོན་གྱི་ལེའུ་ལེགས་པོར་འཆད་པ་བཅས་ཀྱི་སྟེགས་བུ་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་ཆབ་སྲིད་ཀྱི་གོ་གནས་ཇེ་མཐོར་གཏོང་བ་དང་སྤུས་ལེགས་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ། རྒྱལ་ཁབ་ཀྱི་ཕྱི་འབྲེལ་སྤྱི་དང་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤྱིར་དམིགས་བཙུགས་ཏེ། མཉམ་ཤུགས་ཆེན་པོ་ཞིག་གྲུབ་པར་བྱེད་པ་དང་ཚད་གཞི་མཐོ་བའི་སྒོ་ནས་ལས་རིམ་ཁག་སོ་སོའི་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།