ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་བའི་ཚེས་བཅུ་གཉིས་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁོང་ཡུང་གིས་ཟི་ལིང་གི་འཚོ་བའི་གད་སྙིགས་རིགས་བགར་ཚོད་ལྟའི་བྱ་བར་རྟོག་ཞིབ་བྱས་པར་མ་ཟད། འགོ་མཛིན་བྱས་ནས་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་འབྲེལ་ཡོད་སྡེ་ཁག་གི་བསམ་འཆར་ལ་ཉན་པ་དང་། གོ་རིམ་རྗེས་མའི་བྱ་བ་སྤེལ་བའི་ཐད་ནས་རེ་བ་བཏོན།
ཁོང་ཡུང་གིས་བསྟན་དོན། གད་སྙིགས་རིགས་བགར་བཟང་བོ་བྱེད་རྒྱུ་ནི་རྒྱལ་ཁབ་ཀྱི་བཀོད་སྒྲིག་དང་རེ་བ་གལ་ཆེན་དང་། མཚོ་སྔོན་ཞིང་ཆེན་གྱིས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ལག་བསྟར་གཏིང་ཟབ་བྱེད་པའི་མངོན་སུམ་གྱི་རེ་བ་ཡིན་ལ། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་བྱེད་ཐབས་གལ་ཆེན་ཡང་ཡིན། གད་སྙིགས་རིགས་བགར་བྱ་བ་ནི་ཕྱོགས་བསྡུས་མ་ལག་བཟོ་སྐྲུན་ཡིན་པ་དང་། སློབ་གསོ་དྲིལ་སྒྲོག་ནི་སྔོན་ཁྲིད་ཡིན་པས། སློབ་གྲྭའི་གཡུལ་ས་གཙོ་བོ་དང་བུད་མེད་ན་གཞོན་གྱི་སྔོན་ཁྲིད་ནུས་པ་འདོན་སྤེལ་བཟང་བོ་བྱེད་པ་དང་། སློབ་གསོ་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་གཏོང་དགོས། ལམ་ལུགས་ཚད་ལྡན་ནི་རྨང་གཞི་ཡིན་པས། ལམ་ལུགས་ཚད་ལྡན་འཐུས་ཚང་དུ་བཏང་སྟེ། བཅའ་ཁྲིམས་ལ་རྒྱབ་རྟེན་བྱེད་པ་དང་སྒྲིག་ལམ་གཞི་འཛིན་སར་བྱེད་དགོས། སྡོད་ཁུལ་དང་ཁྱིམ་ཚང་ནི་གཙོ་གཞི་ཡིན་པ་དང་། སྡོད་ཁུལ་ལས་བྱེད་པའི་བརྩོན་སེམས་ཆེར་བསྐྱེད་དེ། གད་སྙིགས་རིགས་བགར་བ་དེ་སྡོད་ཁུལ་བྱ་བའི་ནང་དོན་གཙོ་བོར་འགྱུར་བར་བྱེད་དགོས། ལྟ་སྐུལ་དཔྱད་ཞིབ་ནི་བྱེད་ཐབས་ཡིན་པས། དཔྱད་ཞིབ་བྱེད་ཐབས་འཐུས་ཚང་དུ་བཏང་ནས། ཚན་རིག་དང་མཐུན་པའི་སྒོ་ནས་དཔྱད་ཞིབ་ཚད་གཞི་གཏན་འབེབས་བྱེད་དགོས། རྒྱུན་འཁྱོངས་ལྷོད་མེད་ནི་གནད་འགག་ཡིན་པས། ཚན་རིག་དང་མཐུན་པའི་དོ་དམ་ལ་ཤུགས་སྣོན་པ་དང་། གོམས་སྲོལ་གྲུབ་པར་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་ཡོངས་མཉམ་དུ་ཞུགས་པར་སྐུལ་འདེད་གཏོང་དགོས་ཟེར།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ངོས་འཛིན་ཇེ་ཟབ་ཏུ་གཏོང་བ་དང་། མཐོ་རིམ་འཆར་འགོད་ལ་ཤུགས་སྣོན་པ། སྲིད་ཇུས་ཞིབ་འཇུག་གཏིང་ཟབ་བྱས་ཏེ། ས་བབ་དང་བསྟུན་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་གད་སྙིགས་རིགས་བགར་ལག་བསྟར་ཁྱབ་ཁོངས་གཏན་ཁེལ་བྱེད་དགོས། དམིགས་འབེན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། བསམ་ལམ་རྒྱ་བསྐྱེད་པ་དང་ས་ཁོངས་ཐིག་མཚམས་བརྒལ་བ། ལག་བསྟར་བྱེད་ཆོག་པའི་ཐག་གཅོད་ཇུས་གཞི་བཏོན་ནས། གད་སྙིགས་ཐོན་ཁུངས་ཅན་དང་གྲངས་ཉུང་ཅན། གནོད་མེད་ཅན་གྱི་ཐག་གཅོད་མངོན་འགྱུར་བྱེད་དགོས། ལས་གཞིའི་མ་དངུལ་འགན་སྲུང་བཟང་བོར་བསྒྲུབ་པ་དང་ལོ་ལྔའི་འཆར་གཞི་བཅུ་བཞི་བ་སྒྲིག་བཟོ་བྱེད་པ་དང་ཟུང་འབྲེལ་བྱེད་པ། ལས་གཞི་དང་སྲིད་ཇུས་གཉིས་མཉམ་དུ་འཆར་འགོད་བྱེད་པ་རྒྱུན་འཁྱོངས་བྱེད་པ། སྒྲིག་ཆས་དང་དུས་རིམ་སོ་སོ་མཉམ་དུ་སྤེལ་བ། འཚོ་བའི་གད་སྙིགས་རིགས་བགར་མ་ལག་འཛུགས་པར་སྐུལ་འདེད་བཏང་སྟེ། མི་དམངས་མང་ཚོགས་ལ་སྔར་ལས་མཛེས་སྡུག་ལྡན་པའི་བྱ་བ་དང་སློབ་སྦྱོང། འཚོ་བའི་ཁོར་ཡུག་བསྐྲུན་དགོས་ཟེར། །
རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།
ཁོང་ཡུང་གིས་ཟི་ལིང་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་རིགས་བགར་ཚོད་ལྟ་བྱ་བར་རྟོག་ཞིབ་བྱས།