སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན།—སྐྱེ་ཁམས་རྟགས་མའི་ལྷུག་རྩོམ་འགྲན་བསྡུར་གྱི་བྱ་དགའི་རྟགས་མ་གནང་བའི་མཛད་སྒོ་ཟི་ལིང་དུ་བསྡུས།

1.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། (གསར་འགོད་པ། རིག་འཛིན་ཚེ་རིང་། ཚེ་མཁར་རྒྱལ།)ཟླ9ཚེས11ཉིན་གྱི་སྔ་དྲོར། མཚོ་སྔོན་ཁྲིམས་ལུགས་ཚགས་པར་དང་ཞིན་ཧེ་རྫོང་རྩི་གོར་ཐང་གྲོང་རྡལ་དམངས་ཁྲོད་ཁོར་ཡུག་བདག་གཉེར་དོ་དམ་མཐུན་ཚོགས་གཉིས་ཀྱིས་མཉམ་དུ་བསྒྲུབས་པའི་སྐྱེ་ཁམས་རྟགས་མའི་ལྷུག་རྩོམ་འགྲན་སྡུར་གྱི་བྱ་དགའི་རྟགས་མ་གནང་བའི་མཛད་སྒོ་ཟི་ལིང་དུ་བསྡུས།

2.jpg

ཐེངས་འདིའི་རྩོམ་ཡིག་འགྲན་སྡུར་དེ2019ལོའི་ཟླ4པ་ནས2019ལོའི་ཟླ8པའི་ཚེས30ཉིན་བར་ཏེ་བསྡོམས་པས་དུས་ཡུན་ཟླ་ངོ་ལྔའི་རིང་ལ་མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར་དང་། སྐད་འཕྲིན་དང་ཟིན་ཕྲན་སོགས་ཀྱི་བར་སྟོང་དུ་བརྒྱུད་སྐུར་བྱས་ཏེ་ཀུན་ལ་རྩོམ་ཡིག་འགྲན་སྡུར་སྤེལ་བའི་གནས་ཚུལ་ཞིབ་ཕྲ་དག་དུས་ལྟར་ཞུས་པ་ཡིན། ཟླ་ངོ་ལྔའི་རིང་དུ་བོད་ལྗོངས་དང་སི་ཁྲོན། ཀན་སུའུ། མཚོ་སྔོན་བཅས་ཀྱི་ས་ཁུལ་ནས་བསྡོམས་པས་འགྲན་རྩོམ113ལྷག་འབྱོར། འདིར་འབྱོར་བའི་རྩོམ་ལུས་ལ་དཔྱད་བརྗོད་རྩོམ་ཡིག་དང་འབོལ་རྩོམ། གསལ་བཤད་རྩོམ་ཡིག བརྩམས་སྒྲུང་། ལྷུག་རྩོམ་བཅས་སྣ་ཚོགས་ཡིན་ལ། དེ་དག་རེ་རེ་བཞིན་རྩོམ་སྒྲིག་པས་ཞིབ་ཀྱིས་བཀླགས་ཤིང་ཞུས་ཐེངས་དང་པོ་དང་གཉིས་པ། མཐའ་ཞུས་སོགས་བརྒྱུད་དེ་ནན་ཏན་ངང་རྩོམ་སྒྲིག་བྱས་ཏེ་རྩོམ55འཕྲིན་སྟེགས་སྟེང་བདམས་བཀོད་བྱས་ཤིང་། སྤེལ་ཚད་ཕལ་ཆེར་བརྒྱ་ཆའི50ཙམ་ཡིན་པས། རྩོམ་ཁུངས་ཀྱི་ས་རྒྱ་ཆེ་ཞིང་གྲངས་ཀ་མང་བའི་འགྲན་རྩོམ་བྱ་འགུལ་ཞིག་ཏུ་གྱུར་ཡོད།

4.jpg

ཐེངས་འདིའི་འགྲན་རྩོམ་གྱི་རྩོམ་པ་པོའི་དཔུང་སྡེ་རུ་དགོན་སྡེ་ཡི་གྲྭ་བཙུན་དང་གསོ་རིག་ལ་མཁས་པའི་སྨན་པ། སྲིད་འཛིན་ལས་ཁུངས་ཀྱི་གཞུང་ཞབས་པ། སློབ་གྲྭའི་དགེ་རྒན་དང་སློབ་མ། རང་དབང་ལས་རིགས་ཀྱི་མི་སྣ། ཞིང་སྡེ་དང་འབྲོག་སྡེ་ཡི་སྡེ་མི་སོགས་མི་སྣ་ཀུན་འཛོམ་དུ་གྱུར་ཡོད།

3.jpg

ཐེངས་འདིའི་འགྲན་རྩོམ་གྱི་བརྗོད་བྱ་དང་རྗོད་བྱེད་གང་ཐད་ནས་དུས་རབས་ཀྱི་དབྱངས་འགྲོས་དང་མཐུན་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་བཅུ་དགུ་བའི་བྱ་བའི་སྙན་ཞུའི་ཁྲོད་བསྟན་པའི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པ་རྒྱུན་འཁྱོངས་དང་། སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ངེས་པར་འཛུགས་ཐུབ་པར་བྱས་ཏེ། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་ནི་གཞི་རྩའི་རྒྱལ་ཇུས་ཡིན་པའི་དགོངས་དོན་དང་། 2016ལོར་ཁོང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་ནི་ཀྲུང་གོའི་སྤྱིའི་སྲོག་རྩ་ལྟ་བུ་ཡིན་པས། རང་བྱུང་ཁམས་ལ་བརྩི་འཇོག་དང་རང་བྱུང་ཁམས་ལ་བབ་བསྟུན། རང་བྱུང་ཁམས་ལ་སྲུང་སྐྱོང་ཞེས་བླང་བྱ་ནན་མོ་བཏོན་པ་སོགས་སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་དགོངས་དོན་རབས་དང་རིམ་པ་ལག་ལེན་དོན་འཁྱོལ་བྱ་ཆེད་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར70ལོན་པ། མཚོ་སྔོན་བཅིངས་འགྲོལ་བྱས་ཏེ་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་ཆེད་མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར་དང་ཞིན་ཧེ་རྫོང་རྩི་གོར་ཐང་གྲོང་རྡལ་དམངས་ཁྲོད་ཁོར་ཡུག་བདག་གཉེར་དོ་དམ་མཐུན་ཚོགས་གཉིས་ཀྱིས་ལག་རྡང་གཅིག་ཏུ་སྦྲེལ་ཏེ་ཁོར་ཡུག་སྲུང་སྐྱོང་བརྗོད་བྱ་ཡིན་པའི“སྐྱེ་ཁམས་རྟགས་མའི”ལྷུག་རྩོམ་འགྲན་སྡུར་འདི་བོད་སྤྱི་ཚོགས་ཡོངས་ལ་ཁ་གཏད་དེ་སྤེལ་བ་རེད།།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།