ཀྲུང་གོའི་གནམ་དཔྱད་རིག་པའི་རིག་གཞུང་ལྷན་ཚོགས་ཀྱིས2019ལོའི་རིག་གཞུང་ལོ་ཚོགས་མཚོ་ནུབ་ཏུ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས7ཉིན། ཀྲུང་གོའི་གནམ་དཔྱད་རིག་པའི་རིག་གཞུང་ལྷན་ཚོགས་ཀྱིས་གཙོ་སྒྲུབ་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་སོགས་ལས་ཁུངས་ཀྱིས་འགན་སྒྲུབ་བྱས་པའི་ཀྲུང་གོའི་གནམ་དཔྱད་རིག་པའི་རིག་གཞུང་ལྷན་ཚོགས་ཀྱི2019ལོའི་རིག་གཞུང་ལོ་ཚོགས་མཚོ་ནུབ་ཁུལ་ཚོགས་འདུ་ལྟེ་གནས་སུ་འཚོགས། རྒྱལ་ཡོངས་གནམ་དཔྱད་རིག་པའི་ཚན་རིག་ཞིབ་འཇུག་ལས་ཁུངས་སོ་སོ་དང་། མཐོ་རིམ་སློབ་གྲྭ་ཁག་གི་ཆེད་མཁས་པ600ལྷག་དང་སློབ་མ་རྣམས་མཚོ་ནུབ་ཏུ་འཛོམས་ནས་ཞིབ་འཇུག་གི་གྲུབ་འབྲས་གསར་ཤོས་སྤེལ་རེས་དང་རང་རྒྱལ་གྱི་གནམ་དཔྱད་རིག་པའི་འཕེལ་ཕྱོགས་ལ་དཔྱད་གླེང་བྱས་པ་རེད། 

ཐེངས་འདིའི་ལོ་ཚོགས་ནི“འཕེལ་རྒྱས་ཆེ་བའི་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་གནམ་དཔྱད་རིག་གཞུང་བརྗེ་རེས་ལ་སྐུལ་འདེད་དང་ཚན་རྩལ་གསར་གཏོད་ལ་སྐུལ་སྤེལ་བྱེད་པ་དང་། ནུབ་རྒྱུད་ས་ཁུལ་གྱི་གནམ་དཔྱད་ཚན་རིག་ཁྱབ་གདལ་གྱི་ཁྱད་ལྡན་རྟེན་གཞི་གསར་འཛུགས་བྱེད་པ། ‘རྒྱུད་གཅིག་ལམ་གཅིག’གི་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། མཚོ་ནུབ་ཁུལ་གྱི་དཔལ་འབྱོར་ཕྱོགས་སྒྱུར་རིམ་སྤོར་ལ་བྱས་རྗེས་འཇོག་པ”བརྗོད་དོན་གཙོ་བོར་བྱས་ནས་ཉིན3རིང་ཚོགས་འདུ་འཚོགས།

མཚོ་ནུབ་ཁུལ་ནི་ཐེངས་འདིའི་ལོ་ཚོགས་སྤེལ་གནས་ཡིན་པ་དང་། ལྷག་པར་དུ་གནམ་དཔྱད་རིག་པར་འབྲེལ་བ་ཟབ་མོ་ཡོད། ཉེ་བའི་ལོ་ཤས་རིང་མཚོ་ནུབ་ཁུལ་གྱི་ཐུན་མོང་མ་ཡིན་པའི་ས་བབ་ཆ་རྐྱེན་དང་སྐར་ཚོགས་དང་མཁའ་དབྱིངས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་གནམ་དཔྱད་མཁས་པ་དང་ཚན་རིག་པ་མང་པོའི་ཡིད་དབང་བཀུག་ཡོད་པས། ད་ལྟ་ཚན་རིག་ཞིབ་འཇུག་ལས་ཁུངས་མང་པོའི་འདུ་གནས་ཤིག་ཏུ་གྱུར་ཡོད། ཀྲུང་གོ་ཚན་རིག་ཞིབ་འཇུག་གླིང་ཙི་ཅིན་ཧྲན་གནམ་དཔྱད་རིག་པའི་སྟེགས་བུ་དང་། གཏེར་ལེན་ཁའི་གནམ་དཔྱད་རིག་པའི་ཚན་རྩལ་ཁང་། ཏ་ཚེ་ཏན་ས་ཁུལ་གྱི“སྐར་མ་མིག་དམར་སྡེ་ཁུལ”དང“སྐར་མ་མིག་དམར་སྒར་གནས” ། ལིན་ཧུའུ་ས་ཁུལ་གྱི་གློག་འོད་རིབ་མ་སོགས་ཀྱི་རྣམ་གྲངས་བཙུགས་པ་དེས་མཚོ་ནུབ་ཁུལ་གྱི་ཚན་རྩལ་ཡར་ཐོན་དང་ལག་རྩལ་གསར་གཏོད་ལ་སྐུལ་འདེད་བཏང་ཞིང་། སྐར་ཚོགས་ཀྱི་གསང་བ་འཚོལ་ཞིབ་དང་གནམ་དཔྱད་ཚན་རྩལ་ཁྱབ་གདལ། ས་གཤིས་ཡུལ་སྐོར་སོགས་ཀྱི་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་བྱེད་པར་འཕེལ་རྒྱས་ཀྱི་གོ་སྐབས་ཆེན་པོ་བསྐྲུན་ཡོད།

 བྱེད་སྒོ་སྤེལ་བའི་རིང་། ཚོགས་ཞུགས་མི་སྣ་ཚོས་གནམ་དཔྱད་རིག་པའི་རིག་ཚན་ཁག་དང་འབྲེལ་ཡོད་ཀྱི་རིག་ཚན་གཙོར་བྱས་ཏེ་ཚོགས་ཆེན་གྱི་སྙན་ཞུ་དང་ཆེད་དོན་སྙན་ཞུ། མཐོ་རིམ་ཚན་རིག་ཁྱབ་གདལ་གྱི་སྙན་ཞུ་བཅས་ཀྱི་རྣམ་པའི་ཐོག་ནས་རིག་གཞུང་བགྲོ་གླེང་བྱས་པ་མ་ཟད། ད་དུང་ཁྱབ་འགྱེད་གློག་གནམ་དཔྱད་རིག་པ་དང་། མཐོ་ནུས། རྒྱུད་སྐར། འཇིག་རྟེན་ཁམས། གནམ་དཔྱད་རིག་པའི་ལོ་རྒྱུས། སློབ་གསོ་དང་ཚན་རིག་ཁྱབ་གདལ་སོགས་ཀྱི་ཡན་ལག་ཚོགས་ར་བརྒྱད་བཙུགས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།