མཚོ་སྔོན་ཞིང་ཆེན་གྱི་ཐོག་མའི་སྒོ་དབྱེ་རྣམ་པའི་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་རྟེན་གཞི་ཏུའུ་ལན་དུ་བཙུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས5ཉིན། གསར་འགོད་པས་ཏུའུ་ལན་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ནས་རྒྱུས་ལོན་བྱས་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་ཐོག་མའི་སྒོ་དབྱེ་རྣམ་པའི་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་རྟེན་གཞི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏུའུ་ལན་རྫོང་ཆུ་ཁོལ་ཤང་རྫ་དམར་ཡུལ་ཚོ་རུ་བཙུགས།

ཏུའུ་ལན་ནི་གནའ་བོའི་དར་གོས་ཚོང་ལམ་ལྷོ་མའི་གྲོང་རྡལ་གལ་ཆེན་ཞིག་ཡིན་པ་དང་། ཆུ་ཁོལ་བང་སོ་ནི་ཏུའུ་ལན་རྫོང་ཁོངས་སུ་གྲངས་འབོར་མང་ཤོས་དང་ཁྱབ་ཁོངས་ཆེ་ཤོས་ཀྱི་བང་སོ་ཡིན་ལ། རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོབ་ལས་ཁུངས་ཀྱང་ཡིན།

འབྲེལ་ཡོད་འགན་འཁུར་པས་ངོ་སྤྲོད་བྱས་པར་གཞིགས་ན། ཆུ་ཁོལ་བང་སོའི་གནའ་རྫས་རྟོག་ཞིབ་ཞིབ་འཇུག་རྟེན་གཞི་ནི་གནའ་རྫས་རྟོག་ཞིབ་དང་ཞིབ་འཇུག། རིག་དངོས་སྲུང་སྐྱོབ ཚན་རིག་ཞིབ་འཇུག་གསོ་སྦྱོང་བཅས་ཀྱི་འགན་ནུས་གཅིག་ཏུ་བསྡུས་ནས། མ་འོངས་པར་རྒྱལ་ཁབ་རིམ་པའི་ཚན་རིག་ཞིབ་འཇུག་ལྟེ་གནས་དང་རྒྱལ་སྤྱི་ཅན། སྒོ་དབྱེ་རྣམ་པའི་རིག་གཞུང་ཞིབ་འཇུག་སྟེགས་བུ་ཞིག་ཡིན། རྟེན་གཞི་གསར་བ་བསྐྲུན་པ་དེས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་དང་། གནའ་རྫས་རྟོག་ཞིབ་ཞིབ་འཇུག་རྟེན་གཞི་བསྐྲུན་པ་བརྒྱུད། ཆུ་ཁོལ་བང་སོའི་གནའ་ཤུལ་སྤྱི་གླིང་བསྐྲུན་རྒྱུར་སྐུལ་འདེད་བཏང་ནས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་རྟེན་གཞིའི་རིག་དངོས་སྔོག་འདོན་དང་། སྲུང་སྐྱོབ། འགྲེམས་སྟོན་བཅས་ཀྱི་ནུས་པ་དང་གནའ་རྫས་རྟོག་ཞིབ་རྗེས་ཤུལ་སྤྱི་གླིང་གི་ཡུལ་སྐོར་ནུས་པ་ཕན་ཚུན་ལ་སྐུལ་འདེད་བཏང་སྟེ་འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་ལ་ཁྱབ་འགྱེད་སྐུལ་ཁྲིད་ཐུབ་རྒྱུ་དེ་ཡིན།

མིག་སྔར་རྣམ་གྲངས་དེ་ལེགས་གྲུབ་ཟིན་པ་དང་། གཤམ་དུ་ཏུའུ་ལན་རྫོང་གིས་ཆིན་ཧྭ་ཐུང་ཧེང་འཆར་འགོད་ཇུས་འགོད་ཁང་དང་མཉམ་དུ་འཆར་འགོད་དང་ཇུས་འགོད་ལེགས་སྒྲུབ་བྱས་ཏེ་སང་ལོར་ལས་འགོ་འཛུགས་རྒྱུའི་འཆར་གཞི་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།