ལིག་ཐའོ་ཡིས་ཟི་ལིང་གྲོང་ཁྱེར་གྱི་བྱིས་བཅོལ་ཁང་དང་པོ་དང་མཚོ་སྔོན་ཞིང་ཆེན་གཙང་གསུམ་འབྱུང་ཡུལ་གྱི་མི་རིགས་སློབ་འབྲིང་གི་དགེ་རྒན་རྣམས་ལ་འཚམས་འདྲི་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཟླ་དགུ་བའི་ཚེས་བཞི་ཉིན་ཏེ། དགེ་རྒན་དུས་ཆེན་ཐེངས་སོ་ལྔ་བ་ཐོན་ལ་ཡོད་པའི་སྐབས་འདིར། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིག་ཐའོ་སྔ་གཞུག་ཏུ་ཟི་ལིང་གྲོང་ཁྱེར་གྱི་བྱིས་བཅོལ་ཁང་དང་པོ་དང་མཚོ་སྔོན་ཞིང་ཆེན་གཙང་གསུམ་འབྱུང་ཡུལ་གྱི་མི་རིགས་སློབ་འབྲིང་དུ་སོང་སྟེ་དགེ་རྒན་རྣམས་ལ་འཚམས་འདྲི་བྱས་པ་དང་སློབ་གྲྭའི་འཛུགས་སྐྲུན་དང་འཕེལ་རྒྱས་གནས་ཚུལ་ལ་རྟོག་ཞིབ་བྱས་པར་མ་ཟད། དགེ་རྒན་གྱི་སྤྱོད་བཟང་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། ཕུལ་དུ་བྱུང་བའི་དགེ་རྒན་དཔུང་སྡེ་འཕེལ་རྒྱས་སུ་གཏོང་བ་དང་། ཧུར་ཐག་སྒོས་མི་དམངས་ཡིད་ཚིམས་པའི་སློབ་གསོ་བཟང་བོར་བསྒྲུབ་དགོས་ཞེས་ནན་གྱིས་བསྟན།

ལིག་ཐའོ་ཡིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭས་མཚོ་སྔོན་གྱི་དོན་དངོས་དང་སྦྲེལ་ཏེ་ཧུར་ཐག་སྒོས་རིགས་སོ་སོའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་རིག་སྟོབས་ཀྱི་འདེགས་ཤུགས་དང་འགན་སྲུང་འདོན་སྤྲོད་བྱེད་དགོས། དེ་དང་མཉམ་དུ་དགེ་རྒན་གསོ་སྐྱོང་ཤུགས་ཚད་ཇེ་ཆེར་གཏོང་བ་དང་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་བསྣན་ནས་སློབ་གསོའི་སློབ་ཁྲིད་སྤུས་ཚད་སྔར་ལས་ཇེ་མཐོར་གཏོང་དགོས། དགེ་རྒན་གྱི་བདེ་ཐང་ལ་སེམས་ཁུར་བྱེད་པ་དང་དགེ་རྒན་གྱི་ཁེ་དབང་སྲུང་སྐྱོབ་བྱས་ནས། རྒྱ་ཆེའི་དགེ་རྒན་རྣམས་ལ་ལས་གནས་སུ་བདེ་སྐྱིད་ཚོར་སྣང་ཡོད་པ་དང་ལས་དོན་ཐད་ནས་གྲུབ་འབྲས་ཚོར་སྣང་ལྡན་པ། སྤྱི་ཚོགས་སྟེང་དུ་མཚན་སྙན་ཚོར་སྣང་ཡོད་དུ་འཇུག་དགོས་ཟེར།

རྩོམ་སྒྲིག་པ། ཕག་གྲུབ།

དཔྱད་མཆན 0 ཡོད།