མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་ཞིང་ཆེན་རིམ་པའི་དགོན་སྡེའི་རིག་དངོས་སྲུང་སྐྱོབ་མེ་ཟོན་ཆུ་ཁུངས་སྒྲིག་ཆས་སྒྲིག་སྦྱོར་བྱེད་པའི་མཛད་སྒོ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས6ཉིན། ཞིང་ཆེན་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་ཞིང་ཆེན་རིམ་པའི་རིག་གནས་སྲུང་སྐྱོབ་དགོན་སྡེའི་མེ་ཟོན་ཆུ་ཁུངས་སྒྲིག་ཆས་སྒྲིག་སྦྱོར་བྱ་བའི་མཛད་སྒོ་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་སྤེལ་བ་རེད།

དགོན་སྡེའི་མེ་ཟོན་བདེ་འཇགས་ལས་དོན་ནི་དགེ་མཚན་ཐུན་མོང་མ་ཡིན་པ་ལྡན་པ་དང་། འགན་འཁྲི་ཧ་ཅང་ཆེ་བའི་ལས་དོན་ཞིག་རེད། ཞིང་ཆེན་ཏང་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་“ཐོག་མིའི་བསམ་འདུན་མ་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་འཆང་།”ཞེས་པའི་བརྗོད་དོན་སློབ་གསོའི་ལག་བསྟར་ཇུས་གཞི་གཞིར་བཟུང་། ཞིང་ཆེན་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་རིག་དངོས་སྐྱོབ་དགོན་སྡེའི་མེ་ཟོན་ཞན་པ་དང་ཆུ་ཁུངས་དཀོན་པ། མེ་ཟོན་བདེ་འཇགས་སློབ་གསོའི་རྣམ་པ་རྐྱང་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། ཞིང་ཆེན་ནོར་སྲིད་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག  ཞིང་ཆེན་ཏང་ཨུ་འཐབ་ཕྱོགས་གཅིག་གྱུར་པུས་ཆེད་དོན་མ་དངུལ་སྒོར་ཁྲི་600ཙམ་བཏང་ནས། ཞིང་ཆེན་ཡོངས་ཀྱི་དགོན་སྡེ་27ལ་མཐོ་གནོན་ཆེད་སྤྱོད་རླངས་འཁོར་27དང་། ཀའོ་དབྱང་ཁྲེང་མེ་ཟོན་འཕྲུལ་འཁོར་27 མེ་ཟོན་ཆུ་སྒམ་27 འཁྱེར་བདེའི་མེ་གསོད་ཡོ་བྱད900དང་། མེ་ཟོན་ཆུ་རྒྱུད་སྨི་8100དང་དེ་བཞིན་འདུས་འདྲེས་ཨན་ཞག་དྲོད་སྲུང་རྒྱུ་ཆ་སོགས་ཉོ་བསྡུ་བྱས་ཏེ། ཞིང་ཆེན་རིམ་པའི་དགོན་སྡེ་27གྱི་མེ་ཟོན་བདེ་འཇགས་ལ་ཤུགས་སྣོན་བརྒྱབ་ནས་དགོན་སྡེ་དང་ཆོས་དོན་མི་སྣར་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་བསུ་བ་ཞུ་བའི་ཁོར་ཡུག་དེ་བས་ལེགས་པོ་མཁོ་འདོན་བྱས་པ་རེད། 

ཞིང་ཆེན་ཏང་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཆེད་སྤྱོད་མ་དངུལ་བཏང་ནས། ཞིང་ཆེན་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་ཞིང་ཆེན་རིམ་པའི་དགོན་སྡེའི་རིག་དངོས་སྲུང་སྐྱོབ་ལ་མེ་ཟོན་ཆུ་ཁུངས་སྒྲིག་ཆས་ཉོས་ཏེ། རང་ཞིང་གི་དགོན་སྡེ་སོ་སོའི་མེ་ཟོན་བདེ་འཇགས་ལ་ཁག་ཐེག་དང་། རིམ་པ་སོ་སོའི་འགོ་ཁྲིད་ཀྱིས་དགོན་སྡེར་ཐུགས་ཁུར་དང་མཐོང་ཆེན་ཚད་མཐོན་པོ་གནང་བ་མཚོན་ལ། ཏང་དང་སྲིད་གཞུང་གིས་དགོན་པའི་མེ་ཟོན་གྱི་བདེ་སྲུང་བྱ་བ་དམ་འཛིན་བྱེད་པའི་ཆོད་སེམས་བརྟན་པོ་ཡང་མཚོན་ཡོད། དགོན་སྡེ་ཁག་གིས་བདེ་སྡོད་ཉེན་བསམ་གྱིས་དགོན་སྡེའི་མེ་ཟོན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་བཅོས་སྒྲིག་ལས་དོན་ཡག་པོ་སྒྲུབ་དགོས་པ། མེ་ཟོན་རུ་ཁག་གི་འགན་འཁུར་ལེགས་སྒྲུབ། ནན་ཏན་གྱིས་སྦྱོང་བརྡར་སློབ་སྦྱོང་རྩ་འཛུགས། མེ་ཟོན་རུ་མིའི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ། སྒྲིག་སྲོལ་དང་ལམ་ལུགས་བཟོས་ནས་མེ་ཟོན་འོས་འགན་རུ་མིའི་དོ་དམ་ལས་དོན་ལ་ཤུགས་སྣོན། ལས་བགོས་ཞིབ་ཚགས་དང་འགན་འཁྲི་ཁ་གསལ་སྒོས་སྒྲིག་ཆས་དང་ཡོ་ཆས་ཉམས་གསོ་དང་སྲུང་སྐྱོང་ལས་དོན་ཡག་པོ་བསྒྲུབས་ཏེ་དུས་བདེ་ཞི་མཐུན་གྱི་དགོན་སྡེ་བསྐྲུན་རྒྱུར་འབད་བརྩོན་བྱེད་དགོས་པར་བསྟན།  །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།