ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་བའི་མཚོ་སྔོན་གྱི་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་པེ་ཅིང་ནས་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་9བའི་ཚེས་4ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་གཞུང་དོན་ཁང་གིས་པེ་ཅིང་དུ“རྒྱལ་ཁབ་སྤྱི་གླིང་ལྡན་པའི་ཞིང་ཆེན་བསྐྲུན། བརྩེ་སེམས་སྦྱིན་པའི་མཛེས་པའི་མཚོ་སྔོན།”ཞེས་པ་བརྗོད་དོན་གཙོ་བོ་བྱས་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་མཚོ་སྔོན་གྱི་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཅན་ཅུན་གྱིས་བརྗོད་དོན་གཙོ་བོའི་ཚོགས་འདུའི་ཐོག་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་དྲི་བར་ལན་བཏབ་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིའུ་ཉིང་གིས་འབྲེལ་ཡོད་དྲི་བར་ལན་བསྐྱོན་པ་རེད།

1.jpg

ཝང་ཅན་ཅུན་གྱིས་ཡོངས་བསྒྲགས་ཚོགས་འདུའི་སྟེང་ཐོག་མར་མཚོ་སྔོན་གྱི་ལོ70རིང་གི་འགྱུར་ལྡོག་ངོ་སྤྲོད་རགས་ཙམ་བྱས་པ་རེད། ཁོང་གིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་གོམ་སྟབས་བརྟན་པོ་དང་བསྟུན་ནས་མཚོ་སྔོན་ལའང་གནམ་ས་བླ་འོག་ཏུ་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་ཅེས་བཤད། དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་སུ་ཕྱིན་པས། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་1949ལོ་ལས་ལྡབ་335འཕར་བ་དང་ས་གནས་ཀྱི་ནོར་སྲིད་སྔོན་རྩིས་ཡོང་འབབ་1951ལོ་ལས་ལྡབ་6821འཕར་ཡོད། སྐྱེ་ཁམས་ཉིན་བཞིན་ཇེ་ལེགས་སུ་སོང་ཡོད་པ་སྟེ། ནགས་ཚལ་ཁེབས་ཚད་སྔོན་ཆད་ཀྱི་བརྒྱ་ཆའི་1འང་མི་འདང་བ་ནས་ད་ལྟའི་བརྒྱ་ཆའི་7.26སུ་འཕར་བ་དང་། སྔོ་ཐང་གིས་ཟིན་ཚད་བརྒྱ་ཆའི་70ལས་བརྒལ་ཡོད། དམངས་འཚོའི་ཐད་འབྱོར་འབྲིང་སུ་སླེབས་ཡོད་པ་དང་། གྲོང་སྡེའི་ཡོང་སྒོ་1978ལོ་ལས་སོ་སོར་ལྡབ་158དང་ལྡབ་91འཕར་ཡོད། འོས་འགན་སློབ་གསོའི་རྨང་གཞི་འདིང་ཚད་བརྒྱ་ཆའི་96.6ལ་སླེབས་ཡོད། མི་རེའི་ཚེ་ཚད་ལོ་72.05ལ་སླེབས་ཡོད། འགྲིམ་འགྲུལ་སྟབས་བདེ་རུ་ཕྱིན་ནས་གནམ་ཐང་དང་། མྱུར་བགྲོད་ལྕགས་ལམ། མྱུར་བགྲོད་གཞུང་ལམ་བཅས་སྒྲོམ་གཞིར་བྱས་པའི་ལངས་གཟུགས་འགྲིམ་འགྲུལ་དྲ་བ་གཞི་རྩའི་ཆ་ནས་ཆགས་པ་དང་། མེས་རྒྱལ་གྱི་སྐམ་སའི་དབུས་ཁུལ་དང་འཛམ་གླིང་ས་གནས་ཁག་དབར་གྱི་འབྲེལ་བ་ཉིན་བཞིན་ཇེ་ཟབ་ཏུ་ཕྱིན་ཡོད།

ཝང་ཅན་ཅུན་གྱིས་ཚོགས་ཞུགས་སྨྱན་སྦྱོར་ལ་མཚོ་སྔོན་གྱི“ཡངས་བའི”རིན་ཐང་དང་། “མཛེས་ཉམས”དང་རྒྱལ་ཁབ་སྤྱི་གླིང་གཙོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་དཔེ་སྟོན་ཞིང་ཆེན་འཛུགས་པའི་ལག་ལེན་ངོ་སྤྲོད་བྱས་པ་རེད། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་མཚོ་སྔོན་འདི་ཉིད་དཔལ་འབྱོར་འཕེལ་རྒྱས་དང་། མི་རིགས་མཐུན་སྒྲིལ། རིག་གནས་དར་རྒྱས། སྤྱི་ཚོགས་བརྟན་ལྷིང་། སྣོད་བཅུད་བཟང་བ་བཅས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་བསྐྱོད་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་སྒྱུར་བཅོས་གཏིང་ཟབ་བྱེད་པའི་འགོ་ཁྲིད་ཚན་ཆུང་གི་ཚོགས་འདུར་གཙོ་སྐྱོང་གནང་ནས《ཀྲུང་གོའི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཇུས་གཞི》དང་། 《རི་བོ་གདང་ལའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཇུས་གཞི》ལ་གྲོས་ཞིབ་བྱས་པར་གྲོས་འཆམ་བྱུང་བ་དང་། དེ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མཚོ་སྔོན་ལ་བཅངས་བའི་ཡིད་ཆེས་དང་མངགས་བཅོལ་ཟབ་མོ་རེད། མཚོ་སྔོན་གྱིས“ལེགས་གཅིག་མཐོ་གཉིས”ཀྱི་འཕེལ་རྒྱས་འཐབ་ཇུས་གཏན་འཁེལ་བྱས་ནས་གཙང་གསུམ་ཆུ་འགོ་དང་རི་བོ་གདང་ལའི་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟའི་རྨང་གཞིའི་ཐོག་སྔོན་ཐོན་གྱི་དོན་སྙིང་ལྡན་པའི་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་དཔེ་སྟོན་ཞིང་ཆེན་འཛུགས་བསྐྲུན་བྱས་ནས། ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་མཚོ་སྔོན་གྱི་ས་གཞི་ཆེན་མོར་བསྒྲགས་ནས་དང་མི་དམན་པའི་འབྲས་བུ་འབྱུང་བར་བརྩོན་ལེན་བྱེད་དགོས། རྩ་འཛུགས་ཀྱི་སྒྲོམ་གཞི་དང་། ཁྲིམས་ལྟར་འཛུགས་སྐྲུན་དང་། མ་ལག་འཛུགས་སྐྲུན། སྲུང་སྐྱོང་འཕེལ་རྒྱས། ཚན་རྩལ་འདེགས་སྐྱོར། ཤེས་ལྡན་མི་སྣ་གསོ་སྐྱོང་། ལས་གྲྭའི་རྣམ་གྲངས། ཕྱོགས་བསྡུས་དོ་དམ་སྲུང་སྐྱོང་སོགས་ཐད་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་དྲིས་ལན་གསར་པ་གནང་བ་རེད།

ཝང་ཅན་ཅུན་གྱིས་མཚོ་སྔོན་གྱིས“གོམ་སྟབས་གསུམ”གྱི་དམིགས་ཚད་གཞིར་བཟུང་། གོམ་སྟབས་རེ་རེ་བཞིན་རང་བྱུང་ཆོས་ཉིད་དང་། སྣོད་བཅུད་ཆོས་ཉིད་དང་བསྟུན་ནས་མི་དང་རང་བྱུང་ཁམས་བཅས་ནི་ཚེ་སྲོག་གཅིག་མཐུན་འདུས་གྲུབ་ཡིན་པའི་འདུ་ཤེས་ལ་བརྩི་སྲུང་བྱས་ནས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོང་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་བརྟན་བརླིང་ངང་རྒྱང་རིང་དུ་བསྐྱོད་དེ་འཛམ་གླིང་ཡོངས་ལ“སའི་གོ་ལའི་སྣེ་གསུམ་པའི”གསེར་རི་དངུལ་རི་མཉམ་སྤྱོད་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

དེ་རྗེས་ཝང་ཅན་ཅུན་དང་ལིའུ་ཉིང་གིས་མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“གསེར་རི་དངུལ་རིའི”འདུ་ཤེས་ལག་བསྟར་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། པེ་ཅིང་འཛམ་གླིང་སྐྱེད་ཚལ་སྟོན་ཚོགས་ཀྱི“མཚོ་སྔོན་ཉིན་མོའི”བྱེད་སྒོ། ཨ་ཆེན་གངས་རྒྱབ་ཀྱི་སྣོད་བཅུད་སྲུང་སྐྱོང་། ལས་བྱེད་པའི་དུས་རབས་གསར་པར་འགན་འཁྲི་གསར་པ་འཁུར་རྒྱུར་སྐུལ་ལྕག་གཏོང་བ། དབུལ་ཐར་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་སོགས་ཀྱི་ཐད་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད།

ཀྲང་ཞི་མིང་དང་། ཡུས་ཚུང་ལི་ཚོགས་འདུར་ཕེབས་ཡོད་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་གཞུང་ལས་ཁང་གསར་འགྱུར་ཅུས་ཀྱི་ཅུས་ཀྲང་། གསར་འགྱུར་མགྲིན་ཚབ་པ་ཧུའུ་ཁའེ་ཧུང་གིས་གཙོ་སྐྱོང་གནང་བ་རེད།

ཡོངས་བསྒྲགས་ཚོགས་འདུའི་ཐོག་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ70འཁོར་བའི་མཚོ་སྔོན་ཕྱོགས་ཀྱི་འགྲེམས་སྟོན་དུས་གཅིག་ཏུ་གཉེར་བ་རེད། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།