རྨ་སྟོད་ཀྱིས་དྲ་རྒྱའི་དོ་དམ་ལེགས་ཆ་འདོན་སྤེལ་བྱས་ནས་ནག་སེལ་བདུད་འཇོམས་ཀྱི་ཆེད་དོན་འཐབ་རྩོད་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གིས་ལས་ཀའི་མཉམ་ཤུགས་གཅིག་སྒྲིལ་དང་སྡེ་ཚན་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་སྟེ། སྐྱེ་ཁམས་དོ་དམ་སྲུང་སྐྱོང་མཁན་3042ལས་གྲུབ་པའི་མི་སྣ་སྐོང་འཐེན་གྱིས“དྲ་རྒྱ+ནག་སེལ་བདུད་འཇོམས”ཀྱི་རྣམ་པའི་ཐོག་ནས་ནག་སེལ་བདུད་འཇོམས་ཀྱི་ཆེད་དོན་འཐབ་རྩོད་རྒྱུན་ཆད་མེད་པར་སྤེལ། 

ཤེས་རྟོགས་བྱུང་བར་གཞིགས་ན། རྨ་སྟོད་རྫོང་གིས་བརྟན་ལྷིང་སྲུང་སྐྱོང་ཡན་ལག་རུ་ཆུང་190དང་། སྐྱེ་ཁམས་བདག་སྐྱོང་མཁན་3042ཀྱིས་དྲ་རྒྱའི་དོ་དམ་གྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། ངོ་ཐུག་གདོང་འཕྲད་དང་བར་ཐག་མེད་པའི་སྒོ་ནས་འབྲོག་པ་མང་ཚོགས་ལ་ནག་སེལ་བདུད་འཇོམས་ཀྱི་གལ་ཆེན་རང་བཞིན་དང་ཐེར་འདོན་བྱེད་སྟངས་དྲིལ་བསྒྲགས་བྱས་པ་དང་། དྲ་རྒྱའི་ནང་ཁུལ་གྱི་མངོན་གསལ་དོད་པའི་བདེ་འཇགས་གནད་དོན་དང་གཙོ་ཆེ་བའི་འགལ་ཟླའི་གྱོད་གཞིར་གྲལ་བཤེར་གཏིང་ཟབ་བྱས་ཤིང་། མང་ཚོགས་ཀྱི་བསམ་འཆར་ལ་བརྟེན་ནས་གྱོད་གཞིའི་ཁུངས་སྣེ་གསེད་བཀྲོལ་དང་དུས་ཐོག་ཏུ་གྱོད་གཞིའི་ཁུངས་སྣེ་འབྲེལ་ཡོད་སྡེ་ཚན་ལ་ཡར་ཞུ་བྱས།

དེ་དང་ཆབས་ཅིག་རྨ་སྟོད་རྫོང་སྲིད་ཁྲིམས་སྡེ་ཚན་གྱིས་མེ་མདའ་དང་འབར་རྫས་དང་། འགྲིམ་འགྲུལ་ཁྲིམས་འགལ། རྒྱན་འཇོག་ཁྲིམས་འགལ་བཅས་ཀྱི་ཁྲིམས་འགལ་ཉེས་གསོག་གི་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་ནས། སྲིད་ཁྲིམས་སྡེ་ཚན་བར་གྱི་མཉམ་འབྲེལ་གཞོགས་འདེགས་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཇེ་ཚང་དུ་བཏང་ཤིང་། སྲིད་ཁྲིམས་སྡེ་ཚན་དང་ཁོངས་མིའི་ཚན་པའི་བར་རྒྱུན་ཆགས་ཅན་གྱི་འབྲེལ་གཏུག་ཐུབ་པ་བྱས་ཡོད། རྫོང་ཡོངས་ཀྱིས་ནག་སེལ་བདུད་འཇོམས་ཀྱི་ཆེད་དོན་འཐབ་རྩོད་བཞུགས་མོལ་ཚོགས་འདུ་འཚོགས་ནས་གྲོང་ཚོ་32(སྡེ་ཁུལ)ཨུ་ལྷན་གཉིས་ཀྱི་ཚན་ཁག་དང་དེ་བཞིན་ཁོངས་མིའི་འཁོར་སྐྱོད་གནས་ཚུལ་ལ་རང་བཤེར་དཔྱད་དཔོག་བྱས་པ་དང་། གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི“ནག་བདུད་སྟོབས་ཤུགས་མེད་པའི”ཁས་ལེན་ཡི་གེ་242བཞག་སྟེ། ནག་སེལ་བདུད་འཇོམས་ཀྱི་ཆེད་དོན་འཐབ་རྩོད་ལ་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།