ཞིང་ཆེན་ཡོངས་ཀྱི་སྐབས་གཉིས་པའི“མི་རིགས་མཐུན་སྒྲིལ་ཡར་ཐོན”མཚོ་སྔོན་རྩེག་དྲུབ་འགྲེམས་སྟོན་དང་འགྲན་བསྡུར་ཆེན་མོའི་བྱ་དགའ་སྤྲོད་པའི་མཛད་སྒོ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་9ཚེས་1ཉིན་ཞིང་ཆེན་ཡོངས་ཀྱི་སྐབས་གཉིས་པའི“མི་རིགས་མཐུན་སྒྲིལ་ཡར་ཐོན”རྟགས་མའི་མཚོ་སྔོན་རྩེག་དྲུབ་འགྲེམས་སྟོན་དང་འགྲན་བསྡུར་ཆེན་མོའི་བྱ་དགའ་སྤྲོད་པའི་མཛད་སྒོ་ཟི་ལིང་དུ་འཚོགས་པ་རེད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་མགོན་པོ་བཀྲ་ཤིས་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལིའུ་ཏེ། ཧྲིན་ཀྲང་གཞོན་པ་ཀྲང་ལི་བཅས་ཚོགས་འདུར་ཞུགས་པ་དང་འབྲེལ་འགྲན་བསྡུར་ཆེན་མོའི་བྱ་དགའ་ཐོབ་མཁན་ལ་བྱ་དགའ་གནང་བ་རེད།

ཐེངས་འདིའི་འགྲན་བསྡུར་ཆེན་མོའི་ནང་བྱ་དགའ་ཨང་དང་པོ་6དང་། བྱ་དགའ་གཉིས་པ་12། བྱ་དགའ་ཨང་གསུམ་པ་18། ཕུལ་བྱུང་བྱ་དགའ་24། ལས་གཏོད་བྱ་དགའ་15། གསར་གཏོད་བྱ་དགའ་15། འགྲན་ཞུགས་བྱ་དགའ་50། ཕུལ་བྱུང་རྩ་འཛུགས་བྱ་དགའ་15བཅས་དཔྱད་འདེམས་བྱས་པ་རེད། ཁྲེན་ཡུས་ཤིའུ་དང་། ཁྲེན་ཚུན་། ལི་ཨན་ཡན་སོ། ལི་ཁྲེང་ཞིའུ། ས་རེན་ཆི་ཀེ ལྷ་མོ་གཡུ་སྒྲོན་བཅས་ལ་བྱ་དགའ་ཨང་དང་པོ་ཐོབ་པ་རེད།

འགྲན་བསྡུར་ཁྲོད། ཚོགས་མི་600ཡོད་པའི་མཚོ་སྔོན་རྩེག་དྲུབ་ལས་རིགས་མཐུན་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་བསྡུས་པ་དང་། སྲོལ་རྒྱུན་ལག་རྩལ་དང་ཞིང་སྡེ་ཕྱུག་འགྱུར་གྱི་གླེང་སྟེགས་དང་། མཚོ་སྔོན་གྱི་རྩེག་དྲུབ་རྒྱུད་འཛིན་དང་གསར་གཏོད་བྱ་འགུལ་སོགས་ཞིང་ཆེན་ཕྱི་ནང་གི་ཆེད་མཁས་པ་དང་མཁས་དབང་། རྒྱུན་འཛིན་པའི་འཐུས་མི། རྣམ་གྲངས་སྲུང་སྐྱོང་ཚན་པ་སོགས་སྒྲིག་འཛུགས་བྱས་ནས་མཚོ་སྔོན་གྱི་སྲོལ་རྒྱུན་བཟོ་རྩལ་འཕེལ་རྒྱས་དང་། དར་སྤེལ། བརྒྱུད་སྤེལ་བཅས་བྱ་རྒྱུ་མཉམ་དུ་ཐབས་ལམ་འཚོལ་ཞིབ་བྱས་པ་རེད། དེ་མིན་མཚོ་སྔོན་ཞིང་ཆེན་དཔེ་མཛོད་ཁང་དུ“འཚེམ་དྲུབ”ཀྱི་སྤུས་ལེགས་ཐོན་རྫས་འགྲེམས་སྟོན་བྱས་པ་དང་། ཞིང་ཆེན་ཡོངས་ནས་བདམས་པའི་སྤུས་ལེགས་ཐོན་རྫས་400ལྷག་འགྲེམས་སྟོན་བྱས། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།