པད་མ་རྫོང་གིས“གནས་བཅུ་གཞི་གཅིག”གི་དཔེ་དབྱིབས་གསར་པས་དབུལ་ཐར་འགག་སྒྲོལ་ལ་ཤུགས་བཏོན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གཞི་རིམ་གྱི་ཏང་འཛུགས་དང་དབུལ་ཐར་འགག་སྒྲོལ་ཟུང་འབྲེལ་དམ་ཚགས་བྱེད་ཆེད། ད་ལོར་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་གིས“ཏང་འཛུགས+པད་མའི་ཉམས་མྱོང”གི་ཐེག་བྱད་གཏིང་ཟབ་ཏུ་གཏོང་ཅི་ཐུབ་བྱས་པ་དང་། “གཞི་རིམ་གྱི་མང་ཚོགས་ལ་ཞབས་ཞུ་དང་གཞི་རིམ་རྩ་འཛུགས་ལ་ཤུགས་སྣོན། ལས་བྱེད་པ་དང་མང་ཚོགས་ཀྱི་འབྲེལ་བ་ཇེ་བརྟན་དུ་གཏོང་བ”བཅས་དམིགས་འབེན་དུ་བཟུང་ནས། “སྲིད་ཇུས་སྒྲོག་འགྲེལ+རིག་གནས་གཞི་རིམ་དུ་སྐྱེལ་བ+སྨན་བཅོས་ཞབས་ཞུ+ཁྲིམས་ལུགས་འཆད་ཁྲིད+ནག་འཇོམས་ངན་སེལ+ཁོར་སྲུང་བྱེད་སྒོ+གནད་ཁེལ་དབུལ་སྐྱོར+མི་དམངས་ཀྱི་འདོད་བློར་བརྟག་དཔྱད+དཀའ་ཁག་སེལ་རོགས+མང་ཚོགས་ལ་དོན་དངོས་སྒྲུབ་པ”བཅས་ཀྱི“གནས་བཅུ་གཞི་གཅིག”གི་གཞི་རིམ་ཞབས་ཞུ་བྱེད་ཐབས་གསར་སྐྲུན་བྱས་ཏེ། བོད་ཁུལ་གཞི་རིམ་གྱི་དབུལ་ཐར་འགག་སྒྲོལ་དཔེ་དབྱིབས་གསར་པ་ཧུར་བརྩོན་གྱིས་འཚོལ་ཞིབ་བྱས།

ཤེས་གསལ་ལྟར་ན། པད་མ་རྫོང་གིས“རོགས་རམ་གཉིས”ཀྱི་བྱ་བའི་ནང་རྐྱེན་དང་སྦྲེལ་ནས་རྫོང་ཡོངས་ཀྱི་གཞི་རིམ་ཏང་ཀྲི་པུའུ79ཡི་ཏང་ཡོན་ལས་བྱེད་པ800ལྷག་སྐུལ་སློང་བྱས་ཤིང་། ཞང་གྲོང་དང་སྡེ་བ་དང་ཧྲེ་བཅས་སུ་སོང་ནས། བྱ་བའི་གཙོ་གནད་ལས་ཡུལ་དང་པོར་ཕྱོགས་པ་དང་། ལས་ཡུལ་དང་པོ་ནས་བྱ་བ་སྒྲུབ་པ། ལས་ཡུལ་དང་པོ་ནས་དོན་དག་ཐག་གཅོད་པ་བཅས་བྱས་ཏེ། དབུལ་ཐར་འགག་སྒྲོལ་སོགས་ཀྱི་གནད་ཆེའི་བྱ་བར་སྐུལ་འདེད་ཏན་ཏིག་བྱས། དུས་མཉམ་དུ་ཞང་གྲོང་དོ་དམ་གཙོ་གཞིར་བརྩི་བ་དང་། སྡེ་བ་དང་སྡེ་ཁུལ་གཞི་རིམ་སྡེ་ཚན་དུ་བརྩིས་ནས། ཕྱོགས་བསྡུས་དྲ་མིག་ཅན་གྱི་ཞབས་ཞུ་དོ་དམ་མ་ལག་འཛུགས་པ་དང་། དྲ་མིག་དོ་དམ་པ་གདན་དྲངས་ནས་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”དང་སྡེ་སྡོད་ལས་བྱེད་པས་དབུལ་ཕོངས་ཁྱིམ་ཚང་གི་གནས་ཚུལ་ངོ་མ་རྒྱུས་ལོན་བྱེད་རོགས་བྱེད་དུ་བཅུག་ནས། མང་ཚོགས་ལ་ཞབས་འདེགས་ཞུ་བའི་མཇུག་མཐའི་སྤྱི་ལེ་གཅིག་ཤར་བགྲོད་ཡོང་བར་བྱས།

དུས་མཉམ་དུ“ཁྱིམ་ཚང་གཅིག་གཏན་འཁེལ་དང་སྲིད་ཇུས་གཅིག་གཏན་ཕབ། ས་གནས་གཅིག་ལ་སྐུལ་ཁྲིད་བྱེད་པ”བཅས་ཀྱི་བྱ་བའི་བྱེད་ཐབས་ལྟར། “ཁུལ་རིམ་པས་རང་གྲབས+རྫོང་རིམ་པས་རམ་འདེགས”ཀྱི་ཐབས་དང་སྦྲེལ་ནས“ཏང་ཡོན་དབུལ་ཐར་དཔེ་སྟོན་ཁྱིམ་ཚང”གི་གསར་སྐྲུན་བྱ་བ་ལག་ཏུ་བསྟར་བ་དང་། ཞང་གྲོང་སོ་སོ་དང་དབུལ་སྐྱོར་ལས་རིགས་སྡེ་ཁག་སོ་སོའི་བྱ་བའི་འགྲུབ་ཚུལ་ལ་བརྟག་དཔྱད་བྱས་ཤིང་། ཧྲུའུ་ཅི་དང་པོ་དང་དབུལ་སྐྱོར(སྡེ་སྡོད)ལས་བྱེད་རུ་ཁག་གི་འགན་འཁྲི་ལག་བསྟར་བརྗེ་རེས་ཚོགས་འདུ་བསྡུས་པ་དང་། གཞི་རིམ་གྱི་དབུལ་སྐྱོར་ལས་བྱེད་པའི་དབུལ་ཐར་འགག་སྒྲོལ་ནུས་ཤུགས་དང་ཆུ་ཚད་མཐོར་འདེགས་ཀྱི་ཆེད་དོན་གསོ་སྦྱོང་སོགས་རྩ་འཛུགས་བྱས་ནས། ལས་བྱེད་པ་དུས་རབས་གསར་པར་འཕྲོད་ཅིང་བཀོད་སྒྲིག་གསར་པ་དོན་འཁྱོལ་བྱེད་པའི་ནུས་པ་ཇེ་མཐོར་བཏང་། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།