གཅན་ཚའི་ཁྱིམ་ཚང929ཡི་དབུལ་ཕོངས་མང་ཚོགས3593དབུལ་ཐར་བྱུང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པར་སླེབས་པ་ནས་བཟུང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་སྣང་ར་ཞང་གྲ་མ་སྟེང་གི་ཡུལ་གཞན་ལ་གནས་སྤོར་བའི་ཡུལ་སྐོར་དབུལ་སྐྱོར་ལས་གཞིའི་འཛུགས་སྐྲུན་ཇེ་མགྱོགས་སུ་སོང་ཞིང་། གྲུ་ཁ་དང་སྤྲོ་གསེང་སིལ་འཐོག་ར་བ། སྡེ་བ་རིམ་པའི་ལྗང་བསྒྱུར་སོགས་དབུལ་སྐྱོར་སྒྲིག་བཀོད་གཅིག་རྗེས་གཉིས་མཐུད་དུ་འཛུགས་སྐྲུན་བྱས་པས། སྟེང་སོ་ཞང་གདོང་མགོ་སྡེ་བའི་ཁྱིམ་ཚང45ཡི་མི145ཡི་བདེ་འགོད་གནས་སྤོར་ཡུལ་མི་ཡུལ་སྐོར་ཐོན་ལས་ཀྱི་དབུལ་ཐར་ལམ་དུ་སྐྱོད་མགོ་བརྩམས། འདི་ནི་རྫོང་འདིས་བདེ་སྐྱིད་སྡེ་བ་དབུལ་སྐྱོར་དཔེ་སྟོན་བཟོ་འགོད་བདེ་བླག་ངང་ལག་བསྟར་བྱས་རྗེས། ཡུལ་སྐོར་ཐོན་ཁུངས་ཀྱི་གནས་བབ་ལེགས་པོ་འདོན་སྤེལ་དང་། ཡུལ་གཞན་ལ་གནས་སྤོར་བའི་ལས་གཞི་ལ་བརྟེན་ནས་བཟོས་པའི་ལྷང་ངེ་ས་གསར་པ་དང་ཆས་རྟགས་གསར་པ་རེད།

2016ལོ་ནས་བཟུང་། གཅན་ཚ་རྫོང་གིས“གནས་སྤོར་ཐུབ་པ། གཞི་ཚུགས་ཐུབ་པ། ཕྱུག་པོར་བསྒྱུར་ཐུབ་པ”ཡི་དམིགས་འབེན་ལ་དམིགས་ནས། འཆར་གཞི་ཡོད་པའི་སྒོ་ནས་ཡུལ་གཞན་དུ་གནས་སྤོ་བའི་བྱ་བར་སྐུལ་སྤེལ་བྱེད་པ་དང་། དབུལ་ཁང་ལས་སྤར་བ་དང་ཐོན་ལས་དར་བ། དབུལ་པོའི་རྩ་བ་གཅོད་པར་དུས་གཅིག་ཏུ་སྐུལ་འདེད་བྱས་ཏེ། ཡུལ་གཞན་ལ་དབུལ་སྐྱོར་གནས་སྤོར་བྱེད་པའི་སྲིད་ཇུས་ཀྱི་ཁེ་འབབ་ཚད་ཆེས་མཐོ་བའི་སྒོ་ནས་གློད་གྲོལ་བཏང་ཡོད། འཛུགས་སྐྲུན་མ་དངུལ་གྱི་ཕྱོགས་ནས། “ལས་གཞི་ལེགས་སྒྲིག་དང་། མ་རྩ་སྡོམ་པ། ཐབས་ལམ་མི་ཉོག་པ། སྤྱོད་ཡུལ་མི་འགྱུར་བ”བཅས་ཀྱི་བྱེད་ཐབས་གཞིར་བཟུང་སྟེ། དབུལ་སྐྱོར་དང་། སྡོད་ཁང་འཛུགས་སྐྲུན། འགྲིམ་འགྲུལ། ཆུ་བེད། ཞིང་ཕྱུགས། རྒྱལ་ཁབ་མངའ་ཁོངས། ནགས་ལས་ཁོར་སྲུང་དང་གློག་ཤུགས་སོགས་རིགས་སོ་སོར་མ་རྩ་སྒོར་དུང་ཕྱུར2.72ནུས་ལྡན་སྒོས་ལེགས་སྒྲིག་བྱས་ལ། མ་རྩ་དཀོན་པའི་གནད་དོན་ཐག་གིས་བཅད། ཇུས་གཞི་འཆར་འགོད་ཀྱི་ཕྱོགས་ནས། མང་ཚོགས་སེམས་བདེ་མོར་སྡོད་དུ་འཇུག་ཆེད། བཀོད་སྒྲིག་ས་གནས་སོ་སོར་ཆུ་དང་གློག ལམ། བརྙན་འཕྲིན་དྲ་རྒྱ། སྐུད་མེད་དྲ་རྒྱ་སོགས་རྒྱུག་ཐུབ་པའི་ཚད་གཞི་ལྟར་ལས་ཡོད་ཅིང་། དེ་དང་ཆབས་ཅིག་ཏུ་རིག་གནས་དང་ལུས་རྩལ་གྱི་ཐང་ཆེན་དང་གྲོང་སྡེའི་ཚོང་ར། རླངས་འཁོར་འཇོག་ས། འཕྲོད་བསྟེན་ཁང་། སློབ་གྲྭ། སྤྱི་པའི་གསང་སྤྱོད་ཁང་དང་གད་སྙིགས་ཐག་གཅོད་སྒྲིག་བཀོད་སོགས་ཆ་ཚང་བར་བསྒྲིགས་ཡོད་ཅིང་། ཡུལ་གཞན་ལ་དབུལ་སྐྱོར་གནས་སྤོར་བྱེད་པའི་གཅིག་བསྡུས་བདེ་འགོད་ཁུལ་གྱི་འཆར་འགོད་ཇུས་གཞིའི་ཆུ་ཚད་དང་སྡོད་གནས་ཀྱི་སྤུས་ཚད་གོང་མཐོར་བཏང་ཡོད།

དེས་མི་ཚད། རྫོང་དེ་གས་བདེ་འགོད་ས་གནས་དེ་གྲོང་ཁྱེར་དང་གྲོང་གསེབ་དང་གཅིག་བསྡུ་བྱས་པ་དང་། གྲོང་གསེབ་དར་སྤེལ་འཐབ་ཇུས་དང་ཕན་ཚུན་ཟུང་འབྲེལ་བྱས་ནས། ནུས་ཤུགས་ཡོད་རྒུས་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོར་བྱེད་པའི་རྒྱུན་མཐུད་འཕེལ་རྒྱས་ལེགས་པོར་བསྒྲུབ་རྩིས་ཡོད། མིག་སྔའི་བར་དུ། གཅན་ཚ་རྫོང་གིས་སྔ་ཕྱིར་གནས་སྤོར་ཡུལ་མིའི་བདེ་འགོད་ས་གནས7ལག་བསྟར་བྱས་ཤིང་། ཁྱིམ་ཚང929ཡི་དབུལ་ཕོངས་མང་ཚོགས3593“དབུལ་ཁང”ལས་སྤར། ད་ལོར། སྟེང་སོ་ཞང་གདོང་མགོ་སྡེ་བས་ཐོན་ལས་དབུལ་སྐྱོར་བྱེད་པ་ལག་བསྟར་བྱས་ཤིང་། སྡེ་བ་དེར་གྲོང་གསེབ་ཡུལ་སྐོར་ལས་གཞི་ཡོད་པར་མ་ཟད། གཞན་ད་དུང་སྤྱི་ཆིང22ཅན་གྱི་བེད་མེད་ས་ཞིང་སྟེང་དུ་ཀྲུང་བོད་སྨན་རྫས་འདེབས་འཛུགས་མཉམ་ལས་ཁང་བཙུགས་ཡོད་ཅིང་། སྔོན་རྩིས་བྱས་པ་ལྟར་ན་ལོ་རེའི་ཡོང་སྒོ་སྒོར་ཁྲི100ལྷག་ལ་འབུད་ཐུབ། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།