མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡིས་ཏང་གི་སྒྲིག་ཡིག་སྒྲིག་སྲོལ་ལ་གཤིབ་སྡུར་བྱས་ནས་བར་ཁྱད་འཚོལ་བའི་ཆེད་དོན་གྲོས་ཚོགས་དང་བརྗོད་དོན་སློབ་གསོའི་ཆེད་དོན་བགྲོ་གླེང་གྲོས་ཚོགས་ཐེངས་གསུམ་པ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཟླ་བརྒྱད་པའི་ཚེས་ཉེར་དྲུག་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཏང་གི་སྒྲིག་ཡིག་སྒྲིག་སྲོལ་ལ་གཤིབ་སྡུར་བྱས་ནས་བར་ཁྱད་འཚོལ་བའི་ཆེད་དོན་གྲོས་ཚོགས་དང་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་ཆེད་དོན་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པ་བསྡུས། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་འགོ་མཛིན་བྱས།

ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་རེ་བ་ལྟར། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཁོངས་མིས་གྲོས་ཚོགས་སྔོན་དུ་དོན་ཚན་རེ་རེ་དང་ཚིག་རེ་རེ་བཞིན་ཏང་གི་སྒྲིག་ཡིག་དང་གནས་བབ་གསར་བའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ། ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ལམ་ཆད་གཅོད་སྲོལ་ཡིག་བཅས་སློབ་སྦྱོང་ནན་མོ་བྱས་པ་དང་། ཏང་གི་སྒྲིག་ཡིག་སྒྲིག་སྲོལ་ལ་ཞིབ་སྡུར་བྱས་ནས་བར་ཁྱད་བཙལ་བ་མ་ཟད། རྒྱུ་ཆ་བྲིས་པ་དང་དེར་དབྱེ་ཞིབ་ནན་མོ་བྱས་ཏེ། གྲ་སྒྲིག་བཟང་བོ་བྱས། ཚོགས་ཐོག་ཏུ། རྡོ་རྗེ་རབ་བརྟན་གྱིས་འགོ་ཁྲིད་དེ་མི་སྒེར་གྱི་གཤིབ་སྡུར་ཞིབ་བཤེར་བྱས་པ་དང་། ཝང་ཞོ་ཡུང་དང་ཏུའུ་ཅེ། ཀྲང་ཝུན་ཁོས། མཱ་ཧའེ་དབྱིན་བཅས་ཀྱིས་གཏམ་བཤད། ཀྲང་ཧྲིག་ཁྲིན་གྱིས་ཡིག་ཐོག་གི་རྒྱུ་ཆ་སྤྲད། ཏང་ཙུའུ་ཁོངས་མི་ཚང་མས་ཡིན་མིན་བཅོ་བརྒྱད་ལ་གཤིབ་སྡུར་བྱས་ནས་རང་ཉིད་དེའི་ཁྲོད་འཇོག་པ་དང་། འགན་འཁྲི་དང་བྱ་བ་དེའི་ཁྲོད་བཞག་སྟེ་བར་ཁྱད་བཙལ། ཞིབ་བཤེར་བྱས་ནས་རྙེད་པའི་གཞུང་ལུགས་སློབ་སྦྱོང་ཆ་ཚང་མ་བྱས་པ་དང་དམིགས་འབེན་འདུ་ཤེས་བརྟན་པོ་མིན་པ། སྲིད་གྲོས་འཐབ་ཕྱོགས་དང་པོ་བཞི་ཡིན་པའི་ཆ་ནས་ནུས་པ་དང་ཀུན་སྤྱོད་འཛུགས་སྐྲུན་ཐད་ནས་ད་དུང་ཤུགས་སྣོན་དགོས་པ་དང་། སྒྲིག་ལམ་ལག་བསྟར་བྱེད་ཚད་མི་འདང་བ་སོགས་ཀྱི་གནད་དོན་ལ་ཁ་གཏད་དེ། རྒྱུ་རྐྱེན་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ་དང་། དག་ཐེར་ལེགས་བཅོས་ཀྱི་ཁ་ཕྱོགས་གཏན་ཁེལ་གསལ་བོ་བྱས་ལ། བྱེད་ཐབས་བཟང་བོ་བཏོན། ཚོགས་ཐོག་ཏུ་ད་དུང་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་གཤིབ་སྡུར་ཞིབ་བཤེར་རྒྱུ་ཆར་ཞིབ་འཇུག་བྱས།

རྡོ་རྗེ་རབ་བརྟན་གྱིས་བསྟན་དོན། ཐེངས་འདིའི་ཆེད་དོན་གྲོས་ཚོགས་ཀྱིས་གཟབ་ནན་དང་དངོས་གཉེར་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། ཏང་གི་སྒྲིག་ཡིག་སྒྲིག་སྲོལ་གྱི་རེ་བར་ཞིབ་སྡུར་ནན་མོ་བྱས་ཏེ། བསམ་བློ་དང་ནུས་པ། སྤྱོད་ཚུལ་སོགས་ཕྱོགས་སུ་གནས་པའི་བར་ཁྱད་ལ་ཁྱོན་ཡོངས་ནས་ལྟ་ཞིབ་བྱས་པ་དང་། གནད་དོན་འཚོལ་ཞིབ་ནན་མོ་བྱས་ལ། བསམ་བློའི་གཏིང་དང་ཏང་གཤིས་བློ་སྦྱོང་ཐད་ནས་རྒྱུ་རྐྱེན་བཙལ་ལ། སྲིད་གྲོས་ཀྱི་བྱ་བའི་གནས་ཚུལ་དངོས་ལ་འབྲེལ་འདྲིས་བྱས་ནས་དག་ཐེར་ལེགས་བཅོས་ཀྱི་བྱེད་ཐབས་གཏན་འབེབས་བྱས་ཏེ། ཞིང་ཆེན་སྲིད་གྲོས་ཀྱིས་ཏང་ཙུའུ་ཁོངས་མིའི་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་མཆན་བཀོད་མཛུབ་སྟོན་གྱི་རེ་བ་ལག་ལེན་མཐར་ཕྱིན་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་འགན་འཁྲི་ཁག་ཁུར་མངོན་པར་བྱས་ཟེར།

རྡོ་རྗེ་རབ་བརྟན་གྱིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་སྒྲིག་ཡིག་སྒྲིག་སྲོལ་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩི་བ་རྒྱུན་འཁྱོངས་བྱེད་པ་དང་། ཡིད་ལ་དམ་པོར་འཛིན་པ་དང་རང་རྟོགས་སྒོས་ལག་བསྟར་བྱས་ནས། ནམ་ཡང་ཏང་གི་སྒྲིག་ཡིག་གི་རེ་བ་ལྟར་སྲིད་གྲོས་ཀྱི་འགན་འཁྲི་ལག་བསྟར་ནན་མོ་བྱེད་དགོས་ཟེར།

རྩོམ་སྒྲིག་པ། ཕག་གྲུབ།

དཔྱད་མཆན 0 ཡོད།