མཚོ་སྔོན་རྨིན་ཧོ་རྫོང་གི་ལོ་སྟོད་ཀྱི་གྲོང་གསེབ་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར2ལྷག་ཟིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་བའི་ལོ་ཤས་རིང་། མཚོ་ཤར་གྲོང་ཁྱེར་རྨིན་ཧོ་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་གིས་མཁའ་ལམ་ཁམ་བུའི་དགའ་ཚལ་དང་། ཆུ་ལེབ་མེ་ཏོག་ཞིང་ཐང་། ཟམ་ཁའི་ཉི་དགའ་མེ་ཏོག་གི་སྐྱེད་ཚལ། ལྷོ་གྲོང་པད་མའི་དགའ་ཚལ་སོགས་གྲོང་གསེབ་ཀྱི་རང་བྱུང་ཐོན་ཁུངས་དང་མི་ཆོས་རིག་གནས་ཀྱི་ཐོན་ཁུངས་ལ་བརྟེན་ནས། གྲོང་གསེབ་ཀྱི་ཐོན་སྐྱེད་དང་། འཚོ་བ། སྣོད་བཅུད་བཅས“ཕྱོགས་གསུམ་གཞི་གཅིག”གི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས། གྲོང་གསེབ་དར་རྒྱས་ལ་སྐུལ་མ་ནུས་ལྡན་ཐེབས་ཡོད་པ་རེད། ལོ་སྟོད་ཁོ་ནར། རྫོང་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་སྣེ་ལེན་ས་ཚིགས་ཁག་གིས་ཁྱོན་ཡུལ་སྐོར་བ་མི་ཐེངས་ཁྲི་85.25ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་15.8%འཕར་བ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་2.4ཟིན་པ་དེ་དུས་མཚུངས་ལས་25.7%འཕར་ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་། རྨིན་ཧོ་རྫོང་གིས་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ་ཡུལ་སྐོར་ལས་རིགས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བ་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་གྲོང་གསེབ་ཡུལ་སྐོར་གྱི་འཆར་འགོད་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་། གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་འཕེལ་རིམ་མགྱོགས་སུ་གཏོང་བ། གྲོང་གསེབ་ཡུལ་སྐོར་གྱི་སྤུས་རྟགས་ཧུར་ཐག་གཏོད་པ། དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ཡུལ་སྐོར་ཞབས་ཞུའི་སྤུས་ཚད་ལེགས་སུ་གཏོང་བ། ཡུལ་སྐོར་དྲིལ་བསྒྲགས་ཚོང་གཉེར་ལས་དོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་པས། རྫོང་དེའི་གྲོང་གསེབ་ཡུལ་སྐོར་ལས་དོན་གྱི་སྐྱོན་བྲལ་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་ཤིང་། རྫོང་ཁོངས་ཡུལ་སྐོར་གྱི་མིང་གྲགས་དང་ཤུགས་རྐྱེན་ཐེབས་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།

དེ་དང་ཆབས་ཅིག  རྫོང་དེས“ཡུལ་སྐོར་+”སོགས་ཀྱི་བྱེད་སྟངས་ལ་བརྟེན་ནས། ཞིང་ལས་དང་། ནགས་ལས། ཡུལ་སྐོར། རིག་གནས་སོགས་ཐོན་ལས་ཀྱི་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་བཏང་ཁར། ཆུ་ལེབ་མེ་ཏོག་ཞིང་ཐང་དང་། ལྷོ་གྲོང་པད་མའི་དགའ་ཚལ། པའོ་ཅཱ་ལུང་རྒུན་ཆང་གྲོང་བཅས་ལ་གཙོ་གནད་དམིགས་ནས། རྐང་ཐང་ལྟ་སྐོར་དང་། སྣོད་བཅུད་ཡུལ་སྐོར། གཟུགས་བདེ་ཁམས་དྭངས་བཅས་གཞི་གཅིག་ཏུ་སྦྲེལ་བའི་ཁྱད་ལྡན་གྲོང་གསེབ་ཡུལ་སྐོར་སྤུས་རྟགས་བཏོད་པས། གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་དང་ཞིང་པའི་འབབ་འཕར་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད་པ་རེད།

གོམ་སྟབས་རྗེས་མར། རྨིན་ཧོ་རྫོང་གིས“ཡུལ་བབ་ལ་བསྟུན་པ་དང་། ཁྱད་ཆོས་མངོན་གསལ་དོད་པ། བཀོད་པ་ལུགས་དང་མཐུན་པ”བཅས་ཀྱི་རྩ་དོན་ལྟར། རྫོང་དེའི་ལྷོ་རྒྱུད་དང་། དབུས་རྒྱུད། བྱང་རྒྱུད་བཅས་སྦྲེལ་མཐུད་བྱེད་པའི་ཡུལ་སྐོར་སྐོར་ལམ་དང་ལམ་ཐིག་རྩེ་གྲ་ཧུར་ཐག་བཏོད་དེ། ཞིང་ཆེན་དང་གྲོང་ཁྱེར་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་བཀོད་ཇུས་ནང་རང་འགུལ་ངང་འདྲེས་པར་བྱ་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག གྲོང་གསེབ་ཡུལ་སྐོར་གང་མགྱོགས་རིམ་སྤོར་བྱེད་པ་དང་། “མཁའ་ལམ་ཁམ་བུའི་དགའ་ཚལ·ལྟ་ན་སྡུག་པའི་རྨིན་ཧོའི”སྤུས་རྟགས་སླར་ཡང་གཏོད་པ། རྨ་ཆུའི་རྒྱུད་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁག་གང་མགྱོགས་སྦྲེལ་མཐུད་དམ་ཟབ་བྱེད་པ། ཤར་ཕྱོགས་ཀྱི་ཕང་པེ་གྲོང་ཁྱེར་ཏེ——ཀོན་ཐིང་གནའ་གྲོང་དང་། རྨ་ཙོང་དཀྱིལ་འཁོར་ཁྱད་ལྡན་གྲོང་རྡལ་ཆུང་ངུ་། ཆུ་ལེབ་དགོན་པའི་ཆུ་ཚན་གྲོང་རྡལ་ཆུང་ངུ་སོགས་ནུས་ཤུགས་ཡོད་རྒུས་བཏོད་དེ། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།