མཚོ་སྔོན་ཞིང་ཆེན་གྱིས་དབུལ་ཕོངས་གཙང་སེལ་བྱེད་པའི་ལས་འགན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་གཙང་སེལ་བྱེད་པའི་ལོ་ཡིན། བསྟུད་མར་ཉིན་འགའི་རིང་ལ། ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ་ཡིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་དང་ཟུང་འབྲེལ་བྱས་ནས། ཉེ་དུས་ཀྱི་བྱ་བ་གལ་ཆེན་བཀོད་སྒྲིག་དང་། ཕྱོགས་ཡོངས་ནས་དབུལ་ཐར་འཁྲེགས་གཏོར་གྱི་བྱ་བའི་ཁྲོད་གནས་པའི་གནད་དོན་ལ་ཞིབ་བཤེར་བྱས་ཏེ། ཟླ་བརྒྱད་པའི་ཟླ་མཇུག་བར་དུ་གནད་དོན་ཡོངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་བྱ་བ་རིགས་སོ་སོ་ཡོངས་འགྲུབ་བྱས།

ཞིབ་ཕྲའི་བྱ་བའི་ཁྲོད་དུ། ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ་གྱིས་གཏིང་ཟབ་སྒོས་དབུལ་ཕོངས་ས་ཁུལ་གྱི་དབུལ་ཐར་འཁྲེགས་གཏོར་གྱི་ཡུལ་དངོས་སྐུལ་སྤེལ་ཚོགས་འདུ་ལས་གཞིའི་རྣམ་གྲངས་སྦྲེལ་མཐུད་བྱས་ཤིང་། མཚོ་སྔོན་ལ་རོགས་རམ་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་སོགས་ལ་འབྲེལ་འདྲིས་བྱས་ཏེ་ལས་གཞི་སྔ་མོ་ནས་ལག་བསྟར་བྱེད་པར་རྒྱབ་སྐྱོར་བརྩོན་ལེན་བྱས། ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་གཙང་སེལ་བྱེད་པའི་འགུལ་སྐྱོད་ཇུས་གཞི་དང་། འགན་སྲུང་གསུམ་དང་སེམས་ཁྲལ་བྱེད་མི་དགོས་པ་གཉིས་ཀྱི་དབུལ་ཐར་ཚད་གཞི་ལྟར། ཟླ་རེར་རྟོག་ཞིབ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་ལས་ཀའི་གནད་ས་དེ་དབུལ་ཕོངས་ས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་སྤྱི་ཐུན་ཞབས་ཞུའི་མི་འདང་སར་ཁ་གསབ་བྱེད་པའི་སྟེང་བཞག་ཅིང་། ནོར་ནག་དང་ནས་ཀྱི་དབུལ་སྐྱོར་ཐོན་ལས་སྐུལ་སྤེལ་བྱས་ནས། ནོར་ནག་འབུམ་གྱི་ཐོན་ལས་དབུལ་སྐྱོར་དཔེ་སྟོན་རྟེན་གཞི་འཛུགས་སྐྲུན་གྱི་ལས་གཞི་ལག་བསྟར་བྱས་ནས། དབུལ་ཕོངས་མང་ཚོགས་ཀྱི་འཚོ་བའི་ཡོང་སྒོ་བརྟན་འཇགས་ངང་འཕར་སྣོན་བྱུང་དུ་བཅུག་ཡོད།

རིག་གནས་ཡུལ་སྐོར་ཐོན་ལས་དང་སྦྲེལ་མཐུད་དམ་འཛིན་བྱས་ནས། ཞིང་སྡེ་ཡུལ་སྐོར་དབུལ་སྐྱོར་ལས་གཞི་ཧུར་ཐག་སྒོས་འཛུགས་སྐྲུན་བྱས་ནས། ལྗོངས་གསུམ་དང་ཁུལ་གསུམ་གྱི་ཡུལ་སྐོར་ལམ་ཐིག་མཉམ་འདྲེས་མཉམ་ཤུགས་ཀྱི་བྱ་བ་བཟང་པོར་བསྒྲུབས་ཏེ། རིག་གནས་ཡུལ་སྐོར་གྱིས་དབུལ་ཐར་ལ་རོགས་འདེགས་བྱེད་པའི་ལས་གཞི་ལག་བསྟར་བྱས།

མི་སྣ་བསྐོང་འཐེན་བྱེད་པའི་བྱ་བ་བསྒྲུབས་ནས། དབུལ་ཕོངས་སུ་གྱུར་བའི་རྒྱུ་རྐྱེན་ལ་ཞིབ་ཏུ་བརྟག་ཅིང་ཁ་གཏད་རང་བཞིན་གྱི་ཐབས་ཇུས་བཏོན་ནས་གསར་དུ་དབུལ་ཕོངས་ཁྱིམ་ཚང་བྱུང་བ་དང་ཡང་བསྐྱར་དབུལ་བོར་འགྱུར་བར་སྔོན་འགོག་བྱས་ནས། ལོ་མཇུག་ལ་ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་ཁྱིམ་ཚང་གཙང་སེལ་བྱེད་པའི་དམིགས་འབེན་བདེ་ལེགས་ངང་མངོན་འགྱུར་བྱེད་པར་ཁག་ཐེག་འགན་སྲུང་བྱས།།

རྩོམ་སྒྲིག་པ། ཕག་གྲུབ།

དཔྱད་མཆན 0 ཡོད།