ལིག་ཐའོ་ཡིས་འབྲེལ་ཡོད་ལས་ཁུངས་བསྡུ་འགུག་བྱས་ཏེ་བརྗོད་དོན་སློབ་གསོའི་བཞུགས་མོལ་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ལིག་ཐའོ་ཡིས་ལས་བགོས་ལས་ཁུངས་དང་འབྲེལ་གཏུག་ལས་ཁུངས་ཀྱི་འབྲེལ་ཡོད་བློ་མཐུན་བསྡུ་འགུག་དང་བཅས་འགོ་འཛིན་བྱས་ཏེ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་སྙན་འབུལ་བཞུགས་མོལ་ཚོགས་འདུ་བསྡུས། ཚོགས་ཐོག་ནས་ཞིང་ཆེན་སློབ་གསོ་ཐིན་དང་ཞིང་ཆེན་ཚོང་ལས་ཐིན་སོགས་ལས་ཁུངས་དགུའི་འབྲེལ་ཡོད་བློ་མཐུན་གྱིས་སོ་སོར་བརྗོད་དོན་སློབ་གསོ་སྤེལ་བའི་གནས་ཚུལ་ཐད་ནས་བསམ་ཚུལ་བརྗེ་རེས་ཀྱི་གཏམ་བཤད་བྱས་པར་མ་ཟད། བློ་མཐུན་ལིག་ཐའོ་ཡི་མི་སྒེར་གྱི་གཤིབ་སྡུར་ཞིབ་བཤེར་ཡིག་ཆ་ལ་བསམ་འཆར་བཏོན། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་མི་སྣ་མངགས་གཏོང་བྱས།

ལིག་ཐའོ་ཡིས་ནན་གྱིས་བསྟན་དོན། མུ་མཐུད་དུ་སློབ་སྦྱོང་དམ་འཛིན་བྱས་ཏེ་སློབ་དགོས་པ་བཞི་རྒྱུན་འཁྱོངས་བྱེད་རྒྱུ་དང་། དུས་ལྟར་གཙོ་འཛིན་གྱི་བསམ་བློ་དང་ཏང་གི་སྒྲིག་ཡིག་སྒྲིག་སྲོལ། ཏང་གི་གཞུང་ལུགས། ཏང་གི་ལོ་རྒྱུས་སྲོལ་རྒྱུན་བཅས་ལ་སློབ་སྦྱོང་བྱས་ནས། བསླབ་ནས་བྱང་ཆུབ་པར་བྱེད་པའི་ཐད་སྟོབས་ཤུགས་གང་ཡོད་འདོན་དགོས། ལས་རིགས་མཛུབ་སྟོན་ལ་ཤུགས་བསྣན་ནས། གཅིག་གྱུར་འཆར་འགོད་དང་ལས་དོན་གོ་རིམ་ལྡན་པར་སྤེལ་ཏེ། བརྗོད་དོན་སློབ་གསོ་སྐོར་ཁག་གཉིས་པར་བཀོད་སྒྲིག་གང་ལེགས་བྱེད་དགོས་ཟེར།

རྩོམ་སྒྲིག་པ། ཕག་གྲུབ།

དཔྱད་མཆན 0 ཡོད།