མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཡུལ་སྐོར་ལ་སྟོབས་ཤུགས་གསར་པ་རྒྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས། གྲོང་ཁྱེར་ནས་ཞིང་སྡེ་དང་། ལྟད་མོར་ལྟ་བ་ནས་ཉམས་ལེན་བྱེད་པའི་བར་གྱི་མཚོ་སྔོན་ཡུལ་སྐོར་ནི་ཏིལ་ཕུང་གི་མེ་ཏོག་བཞད་པ་ལྟར་རིམ་བཞིན་མཐོ་རུ་ཕྱིན། ལྷག་པར་དུ་ལོ་རེའི་དབྱར་གཞུང་དུ་ཚ་གདུག་གིས་མནར་བའི་ཡུལ་སྐོར་པ་རྣམས་བསིལ་བའི་མཚོ་སྔོན་དུ་ཡོང་སྟེ། ལྗོངས་ཁུལ་ཆེན་པོ་སོ་སོ་དང་ཞིང་སྡེའི་མེ་ཏོག་ཞིང་ཁམས། ནགས་ཚལ་སྤྱི་གླིང་སོགས་སུ་སྐྱོད་བཞིན་ཡོད། སྐབས་དེའི་སྐྱེ་ཁམས་ཡུལ་སྐོར་ནི་མཚོ་སྔོན་གྱི་ཆེས་བྲིན་པའི་དུས་ཡིན།

མཚོ་བོད་མཐོ་སྒང་གི་ལྟེ་བར་གནས་པའི་མཚོ་སྔོན་ལ“ཀྲུང་ཧྭའི་ཆུ་ལྕོག”དང“གཙང་གསུམ་འབྱུང་ཁུངས”“སའི་གོ་ལའི་མཁལ་མ”སོགས་ཀྱི་སྙན་གྲགས་མང་པོ་ཡོད། དེ་དག་གིས་མཚོ་སྔོན་ནི་ཀྲུང་གོ་དང་ཐ་ན་འཛམ་གླིང་གི་སྐྱེ་ཁམས་གོ་གནས་ཁྲོད་ཀྱི་གལ་ཆེན་རང་བཞིན་མཚོན་བཞིན་ཡོད།

ད་ལྟ་མཚོ་སྔོན་དུ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ11དང་རྒྱལ་ཁབ་ཀྱིAརིམ་པའི་ཡུལ་སྐོར་ལྗོངས་ཁུལ110དང་། ཞིང་ཆེན་རིམ་པའི་ཡུལ་སྐོར་ལྗོངས་ཁུལ་བརྒྱ་ལྷག གསར་སྤེལ་གྱི་མདུན་ལྗོངས་ཡག་པའི་ཡུལ་སྐོར་ཐོན་ཁུངས400ལྷག་བཅས་ཡོད་ལ། ཡུལ་སྐོར་ཐོན་ཁུངས་མི་ཉུང་བ་ཞིག་ནི་ཀྲུང་གོའམ་འཛམ་གླིང་གི་ཡང་རྩེར་འབོད།

སྐྱེ་ཁམས་ཡུལ་སྐོར་ལ་མཚོན་ན་སྲུང་སྐྱོབ་བྱེད་རྒྱུ་དམིགས་སུ་འཛིན་དགོས། མཚོ་སྔོན་གྱིས་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ཡུལ་སྐོར་དཔེ་སྟོན་ཞིང་ཆེན་བསྐྲུན་པ་འཛིན་ལུང་དང་། སྐྱེ་ཁམས་ཡུལ་སྐོར་བསྟུད་མར་འཕེལ་འཐུས་པའི་ཡུན་ཕན་ནང་རྐྱེན་འཛུགས་པ་གཙོ་ཐིག་བྱས་ཏེ། སྐྱེ་ཁམས་ཡུལ་སྐོར་ཐོན་རྫས་མ་ལག་བཙུགས་པ་དང་། རི་སྔོ་ཆུ་དྭངས་དེ་གསེར་རི་དངུལ་རིར་བསྒྱུར་བའི་ནུབ་རྒྱུད་ཀྱི་མ་དཔེ་དང་མཐོ་སྒང་གི་མ་དཔེ་བསྐྲུན།

མཚོ་སྔོན་པོའི་མཚེར་བ་རི་དང་བྱེ་མ་ལ་བདུན་ནི་མཚོ་སྔོན་པོའི་མཛེས་ལྗོངས་ཆེས་གྲགས་ཅན་གཉིས་ཡིན། ཡུལ་སྐོར་པ་མཚོ་སྔོན་དུ་ཡོང་ན་ཚང་མ་དེ་གཉིས་ལ་འགྲོ་བཞིན་ཡོད། གཉན་པོ་གཡུ་རྩེ་ལྗོངས་ཁུལ་ལ“ལྷའི་དགའ་ཚལ” གྱི་སྙན་གྲགས་ཡོད་ལ། ཡུལ་དེའི་རང་བྱུང་གི་མཛེས་པ་དང་སྐྱེ་ཁམས་ཀྱི་མཛེས་པ། དྭངས་གཙང་གི་མཛེས་པས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པ་མང་པོ་འགུག་བཞིན་ཡོད་མོད། འོན་ཀྱང2018ལོའི་ཟླ4པ་ནས་བཟུང་། ཞིང་ཆེན་ཡོངས་ནས་གཅིག་རྗེས་གཉིས་མཐུད་དུ་ཡུལ་སྐོར་བཀག་འགོག་གི་བརྡ་ཁྱབ་སྤེལ་བས། མཚོ་སྔོན་པོའི་མཚེར་བ་རི་དང་བྱེ་མ་ལ་བདུན། གཉན་པོ་གཡུ་རྩེ་སོགས་སུའང“ཡུལ་སྐོར་བཀག་འགོག་གི་བཀའ་རྒྱ”ཡོངས་བསྒྲགས་བྱས་ཏེ། མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ལྟེ་བའི་ཁུལ་དང་བར་ཆོད་ས་ཁུལ་དུ་ལྟད་མོར་འགྲོ་བ་དང་ཡུལ་སྐོར་བྱེད་པ། བག་ལྭ་གྱོན་ནས་པར་ལེན་པ་སོགས་ཀྱི་བྱ་འགུལ་སྤེལ་མཚམས་འཇོག་ཏུ་བཅུག

ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་འཆར་འགོད་འཛུགས་སྐྲུན་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ལི་ཞུས་ཧུའེ་ཡིས་བཤད་རྒྱུར། ལྗོངས་ཁུལ་འདི་དག་ལ “ཡུལ་སྐོར་བཀག་འགོག་གི་བཀའ་རྒྱ”ལག་བསྟར་བྱས་པ་དེས་ལྗོངས་ཁུལ་འདི་དག་ནི་མཚོ་སྔོན་གྱི་སྐྱེ་ཁམས་ཡུལ་སྐོར་ཁྲོད་ཀྱི་ཆེས་གནད་འགག་རང་བཞིན་ཡིན་པ་མཚོན་ཡོད་ལ། དེ་དང་མཉམ་དུ་མཚོ་སྔོན་གྱི་ཡུལ་སྐོར་འཕེལ་རྒྱས་ཁྲོད་དུ་སྐྱེ་ཁམས་སྲུང་སྐྱོབ་ལ་ཤུགས་སྣོན་བྱེད་བཞིན་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དམིགས་སུ་འཛིན་པའི་འཕེལ་རྒྱས་འདུ་ཤེས་ནས་རྐང་ཚུགས་ཏེ་འཆམ་མཐུན་གྱི་སྐྱེ་ཁམས་ཁོར་ཡུག་བསྐྲུན་པའི་ཆོད་སེམས་བཅངས་ཡོད་པའང་གསལ་པོར་ཤེས།

ལོ་ངོ་གཅིག་གི་རིང་ལ་ཧུར་བརྩོན་བྱས་པ་བརྒྱུད། མིག་སྔར“ཡུལ་སྐོར་བཀག་འགོག”ས་ཁུལ་གྱི་སྐྱེ་ཁམས་སླར་གསོ་བྱུང་ཞིང་། ཆུ་རྒྱས་ཤིང་སྤང་སྔོན་པོར་གྱུར། ཚད་རིམ་ངེས་ཅན་གྱི་སྟེང་ནས་བྱེ་འགྱུར་ཞི་ལྷོད་དུ་གྱུར་པ་དང་། ཡུལ་སྐོར་པ་དང་ཡུལ་དེའི་གཞིས་དམངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འགན་འཁྲི་འདུ་ཤེས་དང་འགན་འཁུར་འདུ་ཤེས་མངོན་གསལ་གྱིས་ཇེ་དྲག་ཏུ་གྱུར།

ཟླ་བ་བདུན་པའི་ཚུན་དུ། རང་ཞིང་གི་ལྗོངས་ཁུལ་སོ་སོའི་མི་ཚོགས་བསྟུད་མར་ཇེ་མང་དུ་གྱུར། མཚོ་སྔོན་པོ་དང་ཚྭ་ཁ་སོགས་ལྗོངས་ཁུལ་གྱིས་ཉིན་རེར་ཡུལ་སྐོར་པ་སྣེ་ལེན་བྱས་པའི་ཚད་རྒྱུན་ཆད་མེད་པར་ཟིན་ཐོ་གསར་པ་སྐྲུན་བཞིན་ཡོད། གཏེར་ལེན་ཁ་དང་ཚྭ་འདམ་གཞོང་སོགས་ཡུལ་སྐོར་བྱ་ཡུལ་དུའང་སྒེར་འཁོར་ཡུལ་སྐོར་པ་རྒྱུན་ཆད་མེད་པར་ཐོན་བཞིན་ཡོད།

“ཡུལ་སྐོར་བཀག་འགོག་གི་བཀའ་རྒྱ”བསྒྲགས་པས་མཚོ་སྔོན་གྱི་ལྗོངས་ཁུལ་གྲགས་ཅན་ཇེ་ཉུང་དུ་སོང་ཡོད་ནའང་། མཚོ་སྔོན་གྱི་སྙན་གྲགས་བསམ་ནས་ཡོང་བའི་ཡུལ་སྐོར་པ་རྣམས་འགོག་ཐུབ་ཀྱིན་མེད། བསྡོམས་རྩིས་ལས་ཤེས་པ་ལྟར་ན། 2015ལོར། ཞིང་ཆེན་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པ་མི་ཐེངས་ཁྲི2315.4སྣེ་ལེན་བྱས་པས། ཡུལ་སྐོར་གྱི་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར248.03མངོན་འགྱུར་བྱུང་། 2019ལོའི་ལོ་སྟོད་དུ་ཞིང་ཆེན་ཡོངས་ནས་ཡུལ་སྐོར་པ་མི་ཐེངས་ཁྲི2013.89སྣེ་ལེན་བྱས་པས། ཡུལ་སྐོར་གྱི་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར209.27མངོན་འགྱུར་བྱུང་། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།