ལོ་སྟོད་དུ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་ཁྱོན་ཡོངས་ནས་བརྟན་བརླིང་ཡིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས18ཉིན། ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་བསྡུས་ཏེ། ཞིང་ཆེན་བསྡོམས་རྩིས་ཅུས་ཀྱི་ཅུས་ཀྲང་ངམ་གསར་འགྱུར་མགྲིན་ཚབ་པ་ཁྲེན་ཧྥེང་གིས་ལོ་སྟོད་ཀྱི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་གི་གནས་ཚུལ་ཁྱབ་བསྒྲགས་བྱས། ཟླ1པོ་ནས་ཟླ6པའི་བར་དུ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་ཁྱོན་ཡོངས་ནས་བརྟན་བརླིང་ཡིན་ལ། གྲུབ་ཚུལ་ལེགས་སྒྲིག་བྱེད་པར་ཡར་སྐྱེད་ཡོད་ཅིང་ལྗང་མདོག་འཕེལ་རྒྱས་ལ་ལག་རྗེས་ཡོད་པ་དང་། དམངས་འཚོ་ལེགས་བཅོས་ལ་སྤུས་ཚད་ལྡན།

རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད། ལོ་སྟོད་དུ། ཞིང་ཆེན་ཡོངས་སུ་ཐོན་སྐྱེད་བྱས་པའི་སྤྱིའི་རིན་ཐང་སྒོར་དུང་ཕྱུར1278.18མངོན་འགྱུར་བྱུང་བ་དང་། བསྡུར་ཆོག་པའི་རིན་གོང་ལྟར་རྩིས་བརྒྱབ་ན། ལོ་སྔོན་མའི་དུས་མཉམ་ལས5.7%འཕར་ཡོད། ཐོན་ལས་དགར་ནས་བལྟས་ན། ཐོན་ལས་དང་པོའི་འཕར་ཚད་སྒོར་དུང་ཕྱུར43.66ཡིན་པ་དང་། 4.2%འཕར་ཡོད། ཐོན་ལས་གཉིས་པའི་འཕར་ཚད་སྒོར་དུང་ཕྱུར612.28ཡིན་པ་དང་། 6.3%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཚད་སྒོར་དུང་ཕྱུར622.24ཡིན་པ་དང་། 5.0%འཕར་ཡོད།

ཟླ1པོ་ནས་ཟླ6པའི་བར། ཞིང་ཆེན་ཡོངས་ཀྱི་ཞིང་ལས་འདེབས་འཛུགས་ཀྱི་རྒྱ་ཁྱོན་ལེགས་སྒྲིག་ཅུང་བྱས་ཡོད་ཅིང་། ཕྱུགས་ལས་ཐོན་སྐྱེད་ཕལ་ཆེར་བརྟན་བརླིང་ཡིན། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཚད་ལོ་སྔོན་མའི་དུས་མཉམ་ལས6.2%ཡིན་པ་དང་། རྒྱལ་ཡོངས་ཀྱི་ཆ་སྙོམས་འཕར་ཚད་ལས་བརྒྱ་ཆའི་ཆ0.2ཀྱིས་མཐོ། གཏན་འཇགས་མ་རྩའི་དངུལ་གཏོང་ཁྲོད་བཟོ་ལས་དངུལ་གཏོང་ཐད16.7%འཕར་བ་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ལ་མ་རྩ་བཏང་བ་ལོ་སྔོན་མའི་དུས་མཉམ་ལས31.0%འཕར་ཡོད། འཕར་ཚད་ཟླ1པོ་ནས5པ་དང་བསྡུར་ན་བརྒྱ་ཆའི་ཆ10.0གིས་ཇེ་མཐོར་སོང་ཡོད་ལ། སྤྱི་ཚོགས་འཛད་རྫས་སིལ་འཚོང་བྱས་པའི་བསྡོམས་གྲངས་སྒོར་དུང་ཕྱུར403.66མངོན་འགྱུར་བྱུང་ཞིང་། ལོ་སྔོན་མའི་དུས་མཉམ་ལས6.5%འཕར་ཡོད། མཁར་གྲོང་གི་གསར་དུ་འཕར་བའི་ལས་ཞུགས་པ་མི་ཁྲི3.76དང་། ཞིང་སྡེའི་ངལ་རྩོལ་ནུས་པ་སྤོ་སྒྱུར་ལས་ཞུགས་བྱས་པའི་མི་ཐེངས་ཁྲི82.52ཡོད་ལ། མཁར་གྲོང་དུ་ལས་ཀ་ཤོར་བ་ཐོ་འགོད་བྱས་ཚད2.4%ཡིན་ཞིང་། ལོ་ཧྲིལ་པོར3.5%ཡི་དམིགས་ཡུལ་གྱི་ནང་དུ་ཚོད་འཛིན་བྱས་འདུག སྡོད་དམངས་མི་རེའི་ཆ་སྙོམས་ཀྱིས་བཀོལ་ཆོག་པའི་ཡོང་འབབ་དང་འཚོ་བའི་འཛད་གྲོན་དུ་འགྲོ་སོང་བཏང་བ་སོ་སོ་ལོ་སྔོན་མའི་དུས་མཉམ་ལས11.8%དང7.4%འཕར་ཡོད། ཡུལ་སྐོར་ཁྲོམ་རས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པ་མི་ཐེངས་ཁྲི2013.89སྣེ་ལེན་བྱས་ཤིང་། ཡུལ་སྐོར་བྱས་པའི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར209.27མངོན་འགྱུར་བྱུང་ལ། སོ་སོ་ལོ་སྔོན་མའི་དུས་མཉམ་ལས28.5%དང22.8%འཕར། ཚོང་ཟོག་སྐྱེལ་འདྲེན་ཚད་ཏུན་ཁྲི7604.89ལ་སླེབས་པ་དང་།དུས་མཉམ་ལས0.3%འཕར་ཡོད་ཅིང་། འགྲུལ་སྐྱེལ་ཚད་མི་ཁྲི3056.87ལ་སླེབས་པ་དང་། དམངས་སྤྱོད་མཁའ་འགྲུལ་གྱི་འགྲུལ་སྐྱེལ་ཚད15.4%འཕར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།