དམངས་གཉེར་ཁེ་ལས་ཀྱིས་མཚོ་སྔོན་གྱི་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གྲོས་ཚོགས་ཟི་ལིང་ནས་ཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཉིས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པའི་དམངས་གཉེར་ཁེ་ལས་ཀྱིས་མཚོ་སྔོན་གྱི་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གྲོས་ཚོགས་ཟླ་བརྒྱད་པའི་ཚེས་ཉེར་གཉིས་ཉིན་ཟི་ལིང་ནས་ཚོགས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་གིས་ཤིས་ཚིག་ཕུལ། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི། རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཞུས་ལི་ཅང་གཉིས་གྲོས་ཚོགས་ལ་ཞུགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་ངོ་སྤྲོད་ཞུ་ཚིག་ཕུལ། ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་གྱིས་འགོ་མཛིན་བྱས།

ཀའོ་ཡུན་ལུང་གིས་ཐོག་མར་རྒྱལ་ཡོངས་བཟོ་ཚོགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚབ་བྱས་ནས་གྲོས་ཚོགས་བསྡུས་པར་རྟེན་འབྲེལ་ཞུས། ཁོས་བཤད་རྒྱུར། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ནི་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། འགོ་ཚུགས་ས་གསར་བའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་ཏན་ཏན་ཏིག་ཏིག་བཞིའི་སྐོར་གྱི་རེ་བ་ལག་བསྟར་གཏིང་ཟབ་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་ཀྱི་གནས་བབ་ཁོང་དུ་ཆུད་པར་བྱེད་པ། མང་ཚོགས་ཀྱི་རེ་སྒུག་ལ་ལན་བཏབ་ནས། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་བཀོད་སྒྲིག་གལ་ཆེན་དང་། དུས་རབས་གསར་བར་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་འགུལ་སྐྱོད་རྩ་གནད་དང་ལམ་ལུགས་བཀོད་སྒྲིག་ཡིན། ལོ་གཅིག་རིང་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་འབད་འཐབ་མདུན་སྐྱོད་དང་དཀའ་ངལ་ཁྱད་སེལ་བྱེད་པ་དང་། ཧུར་ཐག་གིས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐུབ་ཇུས་སྤེལ་ནས། མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་རྒྱུན་མཐུད་ངང་ཇེ་དྲག་ཏུ་བཏང་ཟེར།

ལིག་ཉིང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་ཁེ་ལས་པ་ཡོངས་མཚོ་སྔོན་དུ་ཡོང་བར་དགའ་བསུ་དང་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། རབ་མཛེས་མཚོ་སྔོན་ནི་གཅེས་སུ་རུང་བའི་ས་ཆ་ཞིག་ཡིན་ལ། མཚོ་སྔོན་གྱི་རི་མཐོ་ཞིང་གནམ་སྔོ་བ་དང་། ཐོན་ཁུངས་ཕུན་སུམ་ཚོགས་ཤིང་རིག་གནས་ཀྱི་རྫོང་མཐུག་ལ། སྐྱེ་ཁམས་གོ་གནས་ཧ་ཅང་གལ་ཆེ། རབ་མཛེས་མཚོ་སྔོན་ནི་ལྗང་མདོག་འཕེལ་རྒྱས་ཀྱི་མཐོ་གནས་ཡིན། ཉེ་བའི་ལོ་འགའི་རིང་། ཞིང་ཆེན་གོང་འོག་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཏོན་པའི་ཏན་ཏན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་ལག་ལེན་མཐར་ཕྱིན་བྱས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་མཚོ་སྔོན་གྱིས་ཆེས་ཆེ་བའི་རིན་ཐང་སྐྱེ་ཁམས་དང་ཆེས་ཆེ་བའི་འགན་འཁྲི་སྐྱེ་ཁམས་སྟེང་ཡོད་པ་དང་། ཆེས་ཆེ་བའི་སྦས་ཤུགས་ཀྱང་སྐྱེ་ཁམས་སྟེང་ཡོད་པའི་འཐབ་ཇུས་གཏན་ཁེལ་ལྟར། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་འཆར་འགོད་ལག་བསྟར་བྱས་ཏེ། གཏན་འཇགས་ཁྲོད་འཕེལ་རྒྱས་བརྩོན་ལེན་བྱེད་ཞོར་དུ་བབ་བསྟུན་མདུན་སྐྱོད་བྱས་པ་དང་། ཚུལ་བསྒྱུར་རིམ་སྤོར་ཁྲོད་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཇེ་ཆེར་བཏང་ལ། སྒོ་འབྱེད་རྒྱ་སྐྱེད་པའི་ཁྲོད་འཕེལ་རྒྱས་བརྩོན་ལེན་དང་བཅོས་བསྒྱུར་ཟབ་སྤེལ་ཁྲོད་གསོན་ཤུགས་ཆེར་སྐྱེད། ཐེངས་འདིའི་ཁེ་ལས་ཆེན་པོ་ལྔ་བརྒྱའི་མཐོ་རིམ་གྲོས་ཚོགས་གོ་སྐབས་སུ་བཟུང་ནས། ང་ཚོས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་རྨང་གཞི་བརྟན་པོ་འདིང་བའི་ཁྲོད་མཉམ་ལས་ལ་ཤུགས་སྣོན་པ་དང་། དམངས་ཚིས་བདེ་སྐྱིད་ཇེ་དྲག་ཏུ་གཏོང་བའི་ཁྲོད་བློ་རིག་དང་སྟོབས་ཤུགས་གཅིག་ཏུ་བསྡུ་རྒྱུའི་རེ་བ་བཅངས་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་བསྒྱུར་བྱེད་པ། དབང་གཏོང་དོ་དམ་དང་ཞབས་ཞུའི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ། ཚོང་རའི་གཙོ་གཞི་འཕེལ་རྒྱས་ཀྱི་སྐུལ་སྤེལ་ལོའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ནས། ཁེ་ལས་རེ་རེ་མཚོ་སྔོན་ནས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་ཐོག་ཏུ། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲིན་ཐའེ་སྡེ་ཚོགས་མ་རྐང་ཚད་ཡོད་ཀུང་ཟིའི་ཏུང་ཧྲི་ཀྲང་ནན་ཚུན་ཧོས་དང་ཀྲིན་ཕེན་ལམ་ཟམ་འཛུགས་སྐྲུན་མ་རྐང་ཚད་ཡོད་ཀུང་ཟིའི་ཏུང་ཧྲི་ཀྲང་ཅིན་ཧྲིན་ཀུང་གཉིས་ཀྱིས་དམངས་གཉེར་ཁེ་ལས་ཆེན་པོ་ལྔ་བརྒྱའི་ཁེ་ལས་པའི་ཚབ་བྱས་ནས་གཏམ་བཤད། མཚོ་སྔོན་ཞིང་ཆེན་ཟི་ལིང་དང་མཚོ་ཤར། མཚོ་ནུབ། མཚོ་ལྷོ། མཚོ་བྱང་སོགས་གྲོང་ཁྱེར་དང་ཁུལ་གྱིས་སོ་སོར་དྲིལ་སྒྲོག་ངོ་སྤྲོད་བྱས། མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐོན་དང་ཀྲིན་ཐའེ་སྡེ་ཚོགས་མ་རྐང་ཚད་ཡོད་ཀུང་ཟི་གཉིས་ཀྱིས་འཐབ་ཇུས་མཉམ་ལས་གྲོས་མཐུན་བཀོད། གྲོང་ཁྱེར་དང་ཁུལ། རྫོང་སོ་སོ་དང་མཚོ་སྔོན་ཞིང་ཆེན་ཁེ་ལས། རྒྱལ་ཡོངས་ཀྱི་ས་ཆ་སོ་སོ་ནས་ཡོང་བའི་དམངས་གཉེར་ཁེ་ལས་བཅས་ཀྱིས་མཉམ་ལས་ལས་གཞི་གྲོས་མཐུན་བཀོད་པ་དང་། མ་དངུལ་སྒོར་ཐེར་ཆེན་དྲུག་དང་ཐེར་འབུམ་བདུན་བྱེ་བ་བརྒྱད་དང་ས་ཡ་བཞི་ལ་སླེབས། གྲོས་མཐུན་བཀོད་པའི་ལས་གཞི་ལྔ་བཅུའི་ཁྲོད་བཟོ་ལས་དང་ཞིང་ལས། ཕྱུགས་ལས། སྐྱེ་ཁམས། སྨན་བཅོས། ནུས་ཁུངས་གསར་བ། རྨང་གཞི་སྒྲིག་ཆས་སོགས་ཁྱབ་ཁོངས་མང་པོ་འདུ།

རྩོམ་སྒྲིག་པ། ཕག་གྲུབ།

དཔྱད་མཆན 0 ཡོད།