མཱ་ཧེ་དབྱིན་གྱིས་ནང་ཆེན་དང་འབྲི་སྟོད་རྫོང་དུ་ཆེད་དོན་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་རྟོག་ཞིབ་བྱ་བའི་བཀོད་སྒྲིག་ལྟར། ཟླ8པའི་ཚེས5ནས་ཚེས8ཉིན་བར། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཧེ་དབྱིན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་དང་འབྲི་སྟོད་རྫོང་གཉིས་སུ་སོང་ནས་མི་རིགས་ཆོས་ལུགས་བྱ་བ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་སོགས་ལ་དམིགས་ནས་ཆེད་དོན་རྟོག་ཞིབ་བྱས།

མཱ་ཧེ་དབྱིན་གྱིས་བསྟན་དོན། ནང་ཆེན་དང་འབྲི་སྟོད་རྫོང་གཉིས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཁྱོན་ཡོངས་ནས་དུས་རབས་གསར་བའི་མི་རིགས་ཆོས་ལུགས་དང་སྐྱེ་ཁམས་སྲུང་སྐྱོབ། གཞི་རིམ་ཏང་འཛུགས་བྱ་བའི་རེ་བ་གསར་བ་དངོས་འབེབས་བྱས་ཏེ། གཞི་རིམ་ཏང་འཛུགས་བྱ་བ་དང་ཞིང་སྡེ་དར་རྒྱས་འཐབ་ཇུས། གནད་འཁེལ་དབུལ་སྐྱོར། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཅས་ཕན་ནུས་ལྡན་པའི་སྒོ་ནས་གཅིག་འདྲེས་ཡོང་བར་བྱས་ནས་བྱ་བ་སོ་སོར་གྲུབ་འབྲས་ཅུང་བཟང་བོ་བླངས་ཟེར།

མཱ་ཧེ་དབྱིན་གྱིས་ནན་གྱིས་བསྟན་དོན། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པར་བཅངས་པའི་བརྗོད་དོན་སློབ་གསོ་སྤེལ་བ་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཏོན་པའི་བྱེད་ཐབས་གལ་ཆེན་ཡིན་པས། ཐེངས་འདིའི་བརྗོད་དོན་སློབ་གསོ་གོ་སྐབས་སུ་བརྩིས་ཏེ། གཅིག་ནས་མཐའ་གཅིག་ཏུ་བསམ་འདུན་སྲུང་བ་དང་འགན་འཁྲི་ཁུར་བ། བར་ཁྱད་འཚོལ་བ། དོན་འཁྱོལ་བྱེད་པའི་སྤྱིའི་རེ་བ་ལྟར་དོན་དངོས་དང་ཟུང་འབྲེལ་དམ་པོ་བྱེད་པ་དང་ཇུས་འགོད་བཀོད་སྒྲིག་ཧུར་ཐག་བྱས་ནས་སྤེལ་དགོས་ལ་ཉེ་བའི་སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོ་སྤེལ་བར་གྲ་སྒྲིག་ལེགས་པོ་བྱེད་དགོས། གཉིས་ནས་གཞི་རིམ་ཏང་འཛུགས་བྱ་བའི་རྣམ་པ་གསར་བ་དང་འགན་ཁུར་གསར་བ། རེ་བ་གསར་བར་དམ་འཛིན་ཡང་དག་བྱེད་པ་དང་། ཧུར་ཐག་གིས་འབྲོག་ཁུལ་གྱི་ཁྱད་ཆོས་ལྡན་པའི་གཞི་རིམ་ཏང་འཛུགས་མིང་རྟགས་འཛུགས་སྐྲུན་བྱས་ཏེ། ངེས་པ་དོན་གྱིས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་དེ་མང་ཚོགས་དབུལ་ཐར་ཕྱུག་འགྱུར་ལ་སྣེ་ཁྲིད་བྱེད་པའི་བཙན་རྫོང་ལྟ་བུ་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས། གསུམ་ནས་ཆབ་སྲིད་ལངས་གནས་མཐོར་འདེགས་སུ་གཏོང་བ་དང་། འགན་འཁྲི་ཁག་ཁུར་སྲ་སྒྱུར་བྱེད་པ། བརྗོད་དོན་སློབ་གསོ་སྤེལ་བ་དང་དབུལ་ཐར་མཁྲེགས་གཏོར། ཞིང་སྡེ་དར་རྒྱས། མི་རིགས་མཐུན་སྒྲིག་ཡར་ཐོན་གསར་སྐྲུན། ཁོར་ཡུག་སྲུང་སྐྱོབ་སོགས་བྱ་བ་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་གི་གྲུབ་འབྲས་ངོ་མ་ཞིག་ལེན་ཐུབ་པར་ཁག་ཐེག་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཕག་གྲུབ།

དཔྱད་མཆན 0 ཡོད།