ཞིང་ཆེན་ཡོངས་ཀྱི་ཐེམ་ཐོ་ལམ་ལུགས་སྒྱུར་བཅོས་འགོ་ཁྲིད་ཚོགས་ཆུང་གི་ལས་དོན་ཚོགས་འདུ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་8པའི་ཚེས་22ཉིན་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཐེམ་ཐོ་ལམ་ལུགས་སྒྱུར་བཅོས་འགོ་ཁྲིད་ཚོགས་ཆུང་གི་ལས་དོན་ཚོགས་འདུ་འཚོགས་ཤིང་། ཚོགས་འདུ་ཐོག་རྒྱལ་ཡོངས་ཀྱི་ཐེམ་ཐོ་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་དུས་མཚམས་རྗེས་མའི་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པའམ་སྤྱི་བདེ་ཐིང་གི་ཐིང་ཀྲང་ཝང་ཀྲིན་ཧྲེང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གནང་བ་རེད།

ཚོགས་འདུའི་ཐོག་བསྟན་དོན། ཐེམ་ཐོ་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་ནི་བཟོ་ལས་ཅན་དང་། ཆ་འཕྲིན་ཅན། གྲོང་ཁྱེར་དང་གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་བཅས་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་དྲང་སྙོམས་དྲང་བདེན་ལ་སྐུལ་འདེད་དང་མི་དམངས་ཀྱི་བདེ་སྐྱིད་ཇེ་ཆེར་བཏང་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་ཁག་ཐེག་བྱེད་པའི་རྨང་གཞིའི་རང་བཞིན་གྱི་སྒྱུར་བཅོས་ཤིག་རེད། ཉེ་བའི་ལོ་ཤས་རིང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་གཞིར་བཟུང་། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་གོང་འོག་མཉམ་འགུལ་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་སྒྱུར་བཅོས་ལ་སྐུལ་འདེད་བཏང་བར་དགེ་མཚན་ལྡན་པའི་ཕན་འབྲས་ཐོབ་པ་དང་། སྒྱུར་བཅོས་སྲིད་ཇུས་ཀྱི་སྒྲོམ་གཞིའི་མ་ལག་གཞི་རྩའི་ཆ་ནས་བཙུགས་ཏེ། གཙོ་གནད་སྒྱུར་བཅོས་ལས་འགན་བརྟན་རླིང་ངང་གོང་དུ་འཕེལ་ཞིང་། འཁོར་རྒྱུག་མི་སྣའི་ཞབས་ཞུ་དང་དོ་དམ་ནུས་ལྡན་ངང་ཇེ་མཐོར་ཕྱིན་ཡོད།

ཚོགས་འདུའི་ཐོག  མིག་སྔར་ཐེམ་ཐོ་ལམ་ལུགས་སྒྱུར་བཅོས་དེ་གནད་འགག་གི་དུས་མཚམས་སུ་སླེབས་ཡོད་པ་དང་། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོར་བཏང་ནས་ཐེམ་ཐོ་ལམ་ལུགས་སྒྱུར་བཅོས་ཁྲོད་ཀྱི་དཀའ་གནད་དང་གནད་འགག་ལ་དམ་པོར་དམིགས་ཏེ་སྲིད་ཇུས་སྔར་བས་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། གཞི་སྡོད་ཀྱི་ཚོད་འཛིན་མེད་པར་བཟོས་ནས་གཞི་སྡོད་ཀྱི་སྲིད་ཇུས་སྔར་བས་ཇེ་ཡངས་སུ་གཏོང་བ་དང་། གཞི་སྡོད་ལག་ཁྱེར་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བཅས་བྱས་ཏེ་འཁོར་རྒྱུག་མི་སྣ་གྲོང་ཁྱེར་དུ་གནས་སྤོ་བྱེད་པའི་སྲིད་ཇུས་རང་བཞིན་དང་། སྒྲིག་སྲོལ་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ཀྱི་འགོག་རྐྱེན་མེད་པར་བཟོ་དགོས། མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་གཞི་སྡོད་ལག་ཁྱེར་ཡོད་མཁན་གྱིས་ལོངས་སྤྱོད་བྱས་ཆོག་པའི་སྤྱི་པའི་ཞབས་ཞུ་དང་སྟབས་བདེ་དངོས་འབེབས་བྱེད་པ་དང་འབྲེལ་རྒྱ་ཇེ་ཆེར་གཏོང་དགོས། མུ་མཐུད་དུ་སྲིད་ཇུས་དྲིལ་བསྒྲགས་དང་གསལ་འགྲེལ་གཙིགས་སུ་བཟུང་སྟེ་རོང་འབྲོག་མང་ཚོགས་ལ་འབྲེལ་ཡོད་ཁེ་དབང་ཤེས་རྟོགས་དང་། བསམ་བློའི་དོགས་པ་སེལ་བ། བློ་བདེའི་ངང་གྲོང་ཁྱེར་དུ་གཞི་སྡོད་བྱེད་པ་བཅས་བྱས་ཏེ་ཐེམ་ཐོ་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་ཟམ་མི་ཆད་པར་གཏང་དགོས་ཞེས་ནན་གྱིས་བསྟན།  །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།