མཚོ་སྔོན་ཞིང་ཆེན་གྱིས་ས་གནས་དམངས་ཆེན་གྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་འཁོར་བཞི་བཅུ་ལོན་པར་རྗེས་དྲན་ཞུ་བའི་བཞུགས་མོལ་ཚོགས་འདུ་བསྡུས།

ཀྲུངགོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་ཉེར་གཅིག་ཉིན། མཚོ་སྔོན་ཞིང་ཆེན་གྱིས་ས་གནས་དམངས་ཆེན་གྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་འཁོར་བཞི་བཅུ་ལོན་པར་རྗེས་དྲན་ཞུ་བའི་བཞུགས་མོལ་ཚོགས་འདུ་བསྡུས། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་གནས་དམངས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བར་གནང་བའི་མཛུབ་སྟོན་གལ་ཆེན་དང་རྒྱལ་ཡོངས་དམངས་ཆེན་གྱིས་ས་གནས་དམངས་ཆེན་གྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་འཁོར་བཞི་བཅུ་ལོན་པར་རྗེས་དྲན་ཞུ་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་དངོས་འབེབས་དོན་འཁྱོལ་དང་དེར་སློབ་སྦྱོང་མཐར་ཕྱིན་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་ཚོགས་འདུར་ཞུགས་ནས་གཏམ་བཤད་དེ་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་སྔར་ལས་འཐུས་ཚང་དང་རྒྱུན་འཁྱོངས་བྱེད་དགོས་པའི་སྐོར་གྱི་དགོངས་པའི་ཁྲིད་སྟོན་ལ་བརྟེན་ནས། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཏེ། དུས་བསྟུན་མདུན་སྐྱོད་ཀྱི་སྒོ་ནས་དམངས་ཆེན་བྱ་བ་བཟང་པོར་སྒྲུབ་མཐར། འགོ་རྩོམ་ས་གསར་པའི་སྟེང་ནས་དུས་རབས་གསར་པའི་ཞིང་ཆེན་ཡོངས་ཀྱི་དམངས་ཆེན་བྱ་བར་རྣམ་པ་གསར་པ་བཏོད་དགོས་ཟེར།

ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཀྲང་ཀོང་རུང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མཱ་ཝེ་དང་ཀའོ་ཧྭ། ཉེའོ་ཁྲིན་ཡུན། ཝུའུ་ཧེ་ཁུན་བཅས་ཚོགས་འདུར་ཞུགས། ཞིང་ཆེན་ཁྲིམས་ཁང་གི་ཡོན་ཀྲང་ཁྲིན་མེན་ཀོ་དང་ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་མིན་ཡུང་ཧྲན་གདན་དྲངས་པ་ལྟར་ཐེངས་འདིའི་ཚོགས་འདུར་ཞུགས།

ཝང་ཅན་ཅུན་གྱིས་ཞིང་ཆེན་ཏང་ཨུའི་ཚབ་བྱས་ཏེ་དམངས་ཆེན་ལས་གནས་སྟེང་དཀའ་སྤྱད་འབད་འཐབ་བྱེད་མཁན་གྱི་བློ་མཐུན་ཡོངས་ལ་གུས་འདུད་དང་བཀའ་དྲིན་ཞུས་པར་མ་ཟད། ས་གནས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་འཁོར་བཞི་བཅུ་ལོན་པའི་བཞུད་ལམ་མཚར་སྡུག་ལྡན་པ་དེར་ཕྱིར་དྲན་མདོར་བསྡུས་བྱས། ཝང་ཅན་ཅུན་གྱིས་བསྟན་དོན། ས་གནས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལོ་ངོ་བཞི་བཅུ་ནི་རིམ་པ་སོ་སོའི་ཏང་ཨུས་འགོ་ཁྲིད་ལ་ཤུགས་སྣོན་དང་མཛུབ་སྟོན་ནུས་ལྡན་བྱས་པའི་ལོ་འཁོར་བཞི་བཅུ་ཡིན་ལ། དུས་བསྟུན་མདུན་སྐྱོད་དང་གསར་གཏོད་གསར་འབྱེད་ཀྱི་ལོ་ངོ་བཞི་བཅུ་ཡང་ཡིན། དེ་མིན་ད་དུང་ངར་ཤུགས་འཛོམས་ལ་ལྷོད་མེད་འབད་འཐབ་ཀྱི་ལོ་ངོ་བཞི་བཅུ་ཡང་ཡིན་པ་ལས་གཞན། ད་དུང་གྲུབ་འབྲས་གཟེངས་སུ་ཐོན་ཅིང་ལོ་རྒྱུས་དེབ་ཐེར་ཁྲོད་བཀོད་ཟིན་པའི་ལོ་ངོ་བཞི་བཅུ་ཡང་ཡིན། གྲུབ་འབྲས་འདི་དག་ནི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་སོ་སོའི་འབད་འཐབ་ལ་བརྟེན་ནས་བྱུང་བར་མ་ཟད། དུས་སྐབས་སོ་སོའི་ཞིང་ཆེན་ཏང་ཨུའི་འགོ་ཁྲིད་བརྟན་པོར་ཡང་རག་ལས་ཡོད། འདས་ཟིན་པར་ཕྱིར་དྲན་བྱེད་ཞོར་མ་འོངས་པར་རྒྱང་བལྟ་བྱེད་དགོས་ཟེར།

ཝང་ཅན་ཅུན་གྱིས་ཏང་གི་འགོ་ཁྲིད་དམངས་ཆེན་བྱ་བའི་བརྒྱུད་རིམ་ཧྲིལ་པོར་སྦྲེལ་དགོས་པ་དང་། མི་དམངས་དཀྱིལ་སྙིང་དུ་འཛིན་རྒྱུ་དེ་དམངས་ཆེན་བྱ་བའི་བརྒྱུད་རིམ་ཧྲིལ་པོར་སྦྲེལ་དགོས་ལ། ཁྲིམས་སྐྱོང་གི་ཁྲིད་སྟོན་དེ་དམངས་ཆེན་བྱ་བའི་བརྒྱུད་རིམ་ཧྲིལ་པོར་སྦྲེལ་དགོས་པ་དང་། དམངས་ཆེན་འཐུས་མིའི་ནུས་པ་སྔར་ལས་བཟང་པོར་འདོན་པ་དེ་དམངས་ཆེན་བྱ་བའི་བརྒྱུད་རིམ་ཧྲིལ་པོར་སྦྲེལ་དགོས་དགོས་ལ། བདེན་འཛིན་གསར་གཏོད་དེ་དམངས་ཆེན་བྱ་བའི་བརྒྱུད་རིམ་ཧྲིལ་པོར་སྦྲེལ་དགོས་ཞེས་ནན་གྱིས་བསྟན། 

རྩོམ་སྒྲིག་པ། ཕག་གྲུབ།

དཔྱད་མཆན 0 ཡོད།