ལིག་ཉིང་གིས་སྐབས་དང་པོའི་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་ཀྱི་ལས་བྱ་མི་སྣ་དང་དང་བླངས་པར་མཚམས་འདྲི་ཞུ་བ།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས20ཉིན་གྱི་ཕྱི་དྲོར། སྐབས་དང་པོའི་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་མཇུག་འགྲིལ་རྗེས་མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ། ཧྲིན་ཀྲང་ལིག་ཉིང་གིས་གླེང་སྟེགས་ཀྱི་འབྲེལ་ཡོད་ལས་དོན་མི་སྣ་དང་དང་བླངས་པར་བྱམས་བརྩེའི་ངང་མཚམས་འདྲི་ཞུ་བ་དང་།  རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ལི་ཁྲུན་ལེང་། ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲེན་སོགས་མཉམ་གཅིག་ཏུ་འཚམས་འདྲིར་ཞུགས།

ལིག་ཉིང་གིས་ལས་བྱ་མི་སྣ་དང་དང་བླངས་པར་ཁ་བརྡ་གླེང་མོལ་བྱས་པ་དང་། ཚང་མས་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་རྒྱལ་ཁའི་ངང་ལེགས་འགྲུབ་བྱུང་བར་དཀའ་སྤྱད་འབད་བརྩོན་བྱས་པར་གདེང་འཇོག་ཆེན་པོ་གནང་། ཁོང་གིས་སྐབས་དང་པོའི་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་ནི་གྲུབ་འབྲས་ཀྱིས་གཏམས་པའི་བྱ་འགུལ་ཅིག་ཡིན་ལ། གླེང་སྟེགས་སྤེལ་བ་བརྒྱུད། ང་ཚོས་རྒྱལ་ཁབ་སྤྱི་གླིང་ལ་རེ་བའི་ས་བོན་བཏབ་པ་དང་། སྔར་ལས་ལྷག་པར་མཚོ་སྔོན་གྱི་རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོང་མ་ལག་འཛུགས་སྐྲུན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་དུས་མཚུངས་སུ། གླེང་སྟེགས་བརྒྱུད་དེ་འཛམ་གླིང་ཡོངས་དང་རྒྱལ་ཡོངས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ལ་རྒྱལ་ཁབ་སྤྱི་གླིང་ཞིང་ཆེན་དང་རབ་མཛེས་མཚོ་སྔོན་གྱི་བརྩེ་བ་ཞེས་པ་མངོན་པ་རེད། དེང་སྐབས་མིའི་རིགས་སྐྱེ་ཁམས་དཔལ་ཡོན་གྱི་དུས་རབས་གསར་བར་གོམ་ཁ་ཕྱོགས་པ་དང་། ང་ཚོར་མདུན་ལྗོངས་དང་རེ་སྨོན་ཞིག་ཡོད་པ་ནི་མི་ཚང་མའི་རང་གི་མིག་ཟུང་ལ་བདག་སྐྱོང་བྱེད་པ་བཞིན་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ་དང་། རང་གི་ཚེ་སྲོག་ལ་གཅེས་སྐྱོང་བྱེད་པ་བཞིན་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱས་ཏེ། རང་བྱུང་ཁམས་ཀྱི་མཛེས་སྡུག་ཅི་སྲིད་བར་དུ་མི་ཡུལ་དུ་གནས་པ་དང་། ལྷིང་འཇགས་དང་འཆམ་མཐུན། མཛེས་སྡུག་གིས་གྲུབ་པའི་རང་བྱུང་ཁམས་ཞིག་སྐྲུན་པར་འབད་པ་བྱེད་དགོས་ཞེས་བསྟན།   ། 

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།