མགོ་ལོག་ཁུལ་གྱི“ཀྲུང་གོའི་ཞིང་བའི་རྔ་བསྡུ་དུས་ཆེན”ལ་བསུ་བ་བྱེད་པའི་བྱ་འགུལ་རྨ་སྟོད་རྫོང་དུ་བསྡུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་གཉིས་པའི“ཀྲུང་གོའི་ཞིང་བའི་རྔ་བསྡུ་དུས་ཆེན”བསུ་བ་བྱེད་པའི་བྱ་འགུལ་རྨ་སྟོད་རྫོང་དུ་གཟབ་རྒྱས་ངང་བསྡུས། ཐེངས་འདིའི་བྱ་འགུལ་གྱི་དུས་ཡུན་ཉིན་གཉིས་ཡིན་ལ། བྱ་འགུལ་སྐབས་སུ་ཆེད་དོན་རིག་རྩལ་འཁྲབ་སྟོན་ལས་གཞན། མགོ་ལོག་ཁུལ་གྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་གྲུབ་འབྲས་འགྲེམ་སྟོན་དང་། སོན་ཕྱུགས་འགྲན་བསྡུར་བྱ་འགུལ། གླང་ཆེན་ས་གཤེགས་འགྲན་བསྡུར། གེ་སེར་ཟློས་གར་འཁྲབ་སྟོན་སོགས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བྱ་འགུལ་སྣ་མང་སྤེལ་རྒྱུ་རེད།

ཉེ་བའི་ལོ་ཤས་རིང་། མགོ་ལོག་ཁུལ་གྱིས་ལྗང་མདོག་གི་སྐྱེ་ཁམས་ལམ་བུར་བསྐྱོད་པ་དང་ཁྱད་ཐོན་སྤུས་ལེགས་ཀྱི་ཁྱད་རྟགས་བསྐྲུན་པ། བློ་བརྟན་འགྱུར་མེད་སྒོས་སྐྱེ་ཁམས་ཕྱུགས་ལས་གོང་སྤེལ་དུ་གཏོང་བ། མུ་མཐུད་དུ་མཐོ་སྒང་གི་ཁྱད་ལྡན་སྐྱེ་ཁམས་ཕྱུགས་ལས་ལེགས་བསྒྱུར་དང་སྤུས་འདེགས་ནུས་བསྐྱེད། ཐོན་ལས་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོང་། འབྲོག་པའི་ཡོང་སྒོ་འཕར་སྣོན་བྱེད་པ་བཅས་ཀྱི་དམིགས་འབེན་མངོན་འགྱུར་བྱུང་། དེ་མིན།“གཅིག་སྒྲིལ་ནོར་ནག”“དགའ་བདེ་ནོར་ནག”“པད་མའི་བོད་ལུག “པད་མའི་བོད་ཇ”སོགས་ལྗང་མདོག་གི་སྐྱེད་ལྡན་ཞིང་ཕྱུགས་ཟོང་རྟགས་མང་པོ་བསྐྲུན་ནས་ཁུལ་ཡོངས་ཀྱི་ཁྱད་ཐོན་ཐོན་ལས་བརྟན་བརླིང་ངང་ཡར་འཕར་ཞིང་། གནས་ཡུལ་གྱི་ཟོང་རྟགས་སྔར་ལས་བཟང་བོ་བསྐྲུན་བཞིན་པའི་སྒང་རེད། །(མཁའ་འགྲོ་ཚེ་བརྟན་གྱིས་སྒྲིག་བསྒྱུར་བྱས།)


རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།