རྒྱལ་ཁབ་སྤྱི་གླིང་གི་གླེང་སྟེགས་སྐབས་དང་པོ་ཟླ་བརྒྱད་པའི་ཚེས་བཅུ་དགུ་ཉིན་ནས་ཚེས་ཉི་ཤུའི་ཉིན་བར་ཟི་ལིང་ནས་བསྡུ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་དགུ་ཉིན། རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་དྲ་ཚིགས་ཀྱི་སྐད་འཕྲིན་གྱི་སྒོ་འབྱེད་པའི་མཛད་སྒོ་དང་སྨྱན་བྱེད་ལ་གནས་ཚུལ་མཚམས་སྦྱོར་བྱེད་པའི་ཚོགས་འདུ་ཟི་ལིང་ནས་བསྡུས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཐེན་ཅིན་ཁྲིན་ཚོགས་འདུར་ཞུགས་པར་མ་ཟད་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་དྲ་ཚིགས་ཀྱི་སྐད་འཕྲིན་གྱི་སྒོ་ཕྱེས། རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་དང་པོ་དེ་ཟླ་བརྒྱད་པའི་ཚེས་བཅུ་དགུ་ཉིན་ནས་ཚེས་ཉི་ཤུའི་ཉིན་བར་ཟི་ལིང་ནས་བསྡུ་རྒྱུ་རེད།

རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་དང་པོས་རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་འཛུགས་པ་བརྗོད་གཞིར་འཛིན་རྒྱུ་ཡིན་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་རྒྱ་ཆེར་སྒྲོག་སྤེལ་བྱེད་པ་དང་། རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཕན་འབྲས་གསར་བ་ཡོངས་སུ་འགྲེམ་སྟོན་བྱེད་པ། སྒོ་འབྱེད་མཉམ་འདྲེས་ཀྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་བརྗེ་རེས་མཉམ་ལས་སྟེགས་བུ་འཛུགས་པ། རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་ལག་ལེན་གསར་བ་དང་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་འཚོལ་ཞིབ་གསར་བ་མཚམས་སྦྱོར་བྱེད་པ་བཅས་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་ལ་ཚན་རིག་དང་མཐུན་པའི་གཞུང་ལུགས་ཀྱི་མཛུབ་སྟོན་དང་ཕུན་སུམ་ཚོགས་པའི་ལག་ལེན་གྱི་ཉམས་མྱོང་འདོན་སྤྲོད་བྱ་རྒྱུ་ནི་དེའི་དམིགས་ཡུལ་རེད། གླེང་སྟེགས་དེའི་སྟེང་དུ་རྒྱལ་ཁབ་ཕྱི་ནང་གི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་དོ་དམ་ལས་ཁུངས་ཀྱི་འཐུས་ཚབ་པ་དང་ཆེད་མཁས་པ་སུམ་བརྒྱ་ལྷག་གདན་དྲངས་ཏེ། གླེང་སྟེགས་ཀྱི་བརྗོད་གཞིར་དམིགས་ནས་གྲོས་སྡུར་དང་བརྗེ་རེས་ཟབ་མོ་བྱ་རྒྱུ་ཡིན་ལ། བརྗོད་གཞིའི་ཡན་ལག་གླེང་སྟེགས་བཞི་དང་ཡན་ལག་ཚོགས་འདུ་དྲུག་བསྡུ་རྒྱུ་མ་ཟད། མཛེས་པའི་ཀྲུང་གོ་ཞེས་པའི་བརྗོད་གཞིའི་འདྲ་པར་འགྲེམ་སྟོན་སོགས་བྱ་འགུལ་བཅུ་ལྷག་སྤེལ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།