དབྱང་ཧྥིན་ཁྲུན་གྱིས་རྒྱལ་ཡོངས་ན་གཞོན་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པར་ཞུགས་པའི་རྩལ་ཁྲིད་པ་དང་ལུས་རྩལ་པ་རྣམས་ལ་འཚམས་འདྲི་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་དགུ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། རྒྱལ་ཡོངས་ན་གཞོན་ལུས་རྩལ་འགྲན་ཚོགས་མཚོ་སྔོན་འཐུས་ཚབ་ཚོགས་པའི་ཚོགས་གཙོ་དབྱང་ཧྥིན་ཁྲུན་གྱིས་འགྲན་སྡུར་ལ་གྲ་སྒྲིག་བྱེད་བཞིན་པའི་མཚོ་སྔོན་ཞིང་ཆེན་གྱི་རྩལ་ཁྲིད་པ་དང་ལུས་རྩལ་པ་རྣམས་ལ་འཚམས་འདྲི་ཞུས་པར་མ་ཟད། ཚང་མས་འབད་འཐབ་ལྷོད་མེད་ཀྱིས་རྒྱལ་ཁ་བླངས་ཏེ། སྤྱོད་ཚུལ་བཟང་པོས་འགྲན་ར་ནས་ལང་ཚོའི་གསོན་ཤུགས་ངོམ་ནས། དེང་རབས་མཚོ་སྔོན་ན་གཞོན་གྱི་ལང་ཚོའི་ཕུགས་བསམ་ངོམ་དགོས་པའི་སྐུལ་མ་གནང་།

དབྱང་ཧྥིན་ཁྲུན་གྱིས་ལུས་རྩལ་རྣམ་གྲངས་ཁ་ཤས་ཀྱི་ལུས་རྩལ་པ་དང་རྩལ་ཁྲིད་པར་འཚམས་འདྲི་བྱེད་སྐབས། འགྲན་སྡུར་གྲ་སྒྲིག་གི་གནས་ཚུལ་ཞིབ་འདྲི་བྱས་པ་དང་། གྲུབ་འབྲས་ལ་ཁས་ལེན་བྱས་པར་མ་ཟད། རེ་བ་ནན་མོ་བཏོན། ཁོས་རྒྱལ་ཡོངས་ཀྱི་ན་གཞོན་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་རྗེས་སུ་བསྡུས་པའི་རྒྱལ་ཡོངས་རང་བཞིན་གྱི་ཕྱོགས་བསྡུས་ལུས་རྩལ་འགྲན་ཚོགས་ཐེངས་དང་པོ་ཡིན་པས། རྩལ་འགྲན་ལུས་རྩལ་གྱི་རྗེས་མཁོའི་འཇོན་མིའི་དཔུང་སྡེ་སྐྱེད་སྲིང་བྱེད་པ་དང་། དམངས་ཡོངས་ཀྱི་ལུས་ཕུང་སྦྱོང་བརྡར་དང་དམངས་ཡོངས་ཀྱི་བདེ་ཐང་མཉམ་འདྲེས་ཟབ་མོ་ཡོང་བར་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཞེས་བཤད།

དབྱང་ཧྥིན་ཁྲུན་གྱིས་ནན་གྱིས་བསྟན་དོན། འགྲན་སྡུར་ལས་ཆུ་ཚད་དང་བརྩོན་སེམས་མངོན་པར་བྱས་ཏེ། བརྒལ་གཏོར་སྔར་ལས་ཆེན་པོ་དང་གྲུབ་འབྲས་སྔར་ལས་བཟང་པོ་ལེན་དགོས་ལ། མཚོ་སྔོན་ན་གཞོན་གྱི་ཡིད་ཆེས་མཚོན་པར་བྱེད་དགོས། འགྲན་སྡུར་ལས་ཁྱད་ཆོས་མངོན་པར་བྱས་ཏེ། བར་ཁྱད་ཤེས་པར་བྱེད་པ་དང་བར་ཁྱད་ལ་གོ་བ་ཡང་དག་བླངས་ནས། རྒྱལ་ཡོངས་ན་གཞོན་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པའི་སྟེང་དུ་ཞིང་ཆེན་གཞན་པའི་བར་བརྗེ་རེས་དང་སློབ་སྦྱོང་བྱེད་དགོས། འགྲན་སྡུར་ལས་སྣང་བརྙན་མངོན་པར་བྱས་ཏེ། བསམ་བློའི་རྣམ་པ་བཟང་པོས་རྒྱལ་ཡོངས་ན་གཞོན་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པའི་འགྲན་ར་ནས་མཚོ་སྔོན་གསར་པའི་གཏམ་རྒྱུད་བཟང་པོར་འཆད་དགོས་ཟེར།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།