རྡོ་རྗེ་རབ་བརྟན་གྱིས་ཞོན་ཧྭ་རྫོང་དང་ཧྭ་ལུང་རྫོང་དུ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཟླ་བརྒྱད་པའི་ཚེས་དྲུག་ཉིན་ནས་ཚེས་བདུན་ཉིན་བར།  ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པར་བཅངས་པའི་བརྗོད་དོན་སློབ་གསོ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་ཁའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཟུང་འབྲེལ་བྱས་ཏེ།  ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་ཞོན་ཧྭ་རྫོང་དང་ཧྭ་ལུང་རྫོང་དུ་སོང་ནས་དབུལ་ཐར་མཁྲེགས་གཏོར་དང་སྐྱེ་ཁམས་འཛུགས་སྐྲུན།   ཞིང་སྡེ་དར་རྒྱས།  དམངས་ཚིས་ལེགས་བཅོས་སོགས་བྱ་བ་དོན་འཁྱོལ་བྱས་པའི་གནས་ཚུལ་ལ་ཆེད་དོན་རྟོག་ཞིབ་བྱས།  དེའི་སྐབས་སུ།  ཞོན་ཧྭ་རྫོང་ཟ་ལར་མི་རིགས་དམངས་སྲོལ་རིག་གནས་དབུལ་སྐྱོར་ཐོན་ལས་གླིང་དང་དམངས་སྲིད་ཞབས་ཞུ་ལྟེ་གནས་སོགས་སུ་ཡུལ་དངོས་ལྟ་ཞིབ་བྱས་པ་དང་རྫོང་གཉིས་ཀྱི་ལས་བྱེད་མང་ཚོགས་དག་གི་བསམ་འཆར་དང་གྲོས་གཞི་ལ་ཉན།

རྡོ་རྗེ་རབ་བརྟན་གྱིས་བསྟན་དོན །  ཞོན་ཧྭ་རྫོང་དང་ཧྭ་ལུང་རྫོང་གཉིས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཟབ་ནན་གྱིས་དངོས་འབེབས་དོན་འཁྱོལ་བྱས་པ་དང་།  སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ལ་འཆར་འགོད་བྱེད་པ་དང་བྱ་བ་གཙོ་བོ་དག་དོན་འཁྱོལ་བྱེད་པར་དམ་དུ་དམིགས་པར་མ་ཟད།   གནད་ཕིགས་དབུལ་སྐྱོར་དམ་འཛིན་དང་སྐྱེ་ཁམས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་།  འཐེན་ཐུག་དཔལ་འབྱོར་ཤུགས་ཆེན་པོས་འཕེལ་རྒྱས་བཏང་ལ།   མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བཏང་བ་དང་།   ལོ་སྟོད་ཀྱི་དཔལ་འབྱོར་གཏན་འཇགས་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་བོ་སྲུང་འཛིན་བྱེད་པ་སོགས་བྱས་ཏེ་ཕྱོགས་སོ་སོའི་ཐད་ནས་གྲུབ་འབྲས་གསར་པ་བླངས་ཡོད་ཟེར།

རྡོ་རྗེ་རབ་བརྟན་གྱིས་ནན་གྱིས་བསྟན་དོན།   རྫོང་གཉིས་ཀྱི་ཏང་ཨུ་དང་སྲིད་གཞུང་གིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་གཟབ་ནན་གྱིས་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་།   མི་དམངས་གཙོ་ཡིན་པའི་འཕེལ་རྒྱས་བསམ་བློ་བརྟན་པོར་འཛུགས་པ།   འཕེལ་རྒྱས་གསར་པའི་འདུ་ཤེས་ལག་བསྟར་བྱེད་པ།   མིག་སྔར་གྱི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་བབ་བཟང་བོར་རྒྱུས་ལོན་ཡང་དག་བྱེད་དགོས་པར་མ་ཟད།    སྔར་ལས་རང་རྟོགས་ཀྱི་བསམ་པའི་རྣམ་པ་དང་ཁག་ཁུར་འདུ་ཤེས་ཀྱིས་དཀའ་གནད་ལ་གདོང་གཏོད་པ་དང་།  སྔར་ལས་གཏིང་ཟབ་སྒོས་གཏན་འཇགས་མ་རྩའི་དངུལ་གཏོང་དང་འཛུགས་སྐྲུན་ལས་གཞིའི་རྩ་འཛུགས་ལག་བསྟར་བྱ་བར་འཆར་འགོད་དང་དམ་འཛིན་བྱེད་དགོས་ལ།   དམངས་གཉེར་དཔལ་འབྱོར་ལ་རོགས་སྐྱོར་དང་འཕེལ་རྒྱས་བཏང་སྟེ་དཔལ་འབྱོར་གྱི་འཕེལ་གནས་གསར་པ་གསོ་སྐྱོང་བྱེད་དགོས།   ཞིང་ལས་ཞིང་སྡེ་འཕེལ་རྒྱས་ཀྱི་བྱ་བ་སོ་སོར་མཐོང་ཆེན་བྱེད་པ་དང་།  ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ལག་བསྟར་བཟང་བོ་བྱེད་པ།   ཞིང་སྡེའི་ཁྱད་ལྡན་ཐོན་ལས་དང་ཞིང་སྡེའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བ།  རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་བཅོས་བྱས་ཏེ་ལོ་ཧྲིལ་བོའི་ལས་གཞི་སོ་སོའི་དམིགས་འབེན་ཡོངས་འགྲུབ་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས།    རྫོང་གཉིས་ཀྱི་སྲིད་གྲོས་ཀྱིས་ཞིང་ཆེན་ཡོངས་ཀྱི་གཞི་རིམ་སྲིད་གྲོས་བྱ་བའི་གསར་སྐྲུན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་།   ཐོག་མཐའ་བར་གསུམ་ཀུན་ཏུ་རྫོང་རིམ་པའི་སྲིད་གྲོས་དེ་ཆེད་དོན་གྲོས་མོལ་སྡེ་ཁག་ཡིན་པའི་འགན་འཁྲིའི་གཏན་གནས་དང་།   བྱ་བའི་བླང་བྱ་དང་བྱེད་ཐབས་རྒྱུན་འཁྱོངས་བྱེད་པ།   ཏང་ཨུ་དང་སྲིད་གཞུང་གི་བྱ་བ་གཙོ་བོར་དམིགས་ནས་གྲོས་མོལ་བྱ་འགུལ་གཏིང་ཟབ་སྒོས་སྤེལ་བ།  ཕྱོགས་གཉིས་ཤུགས་འདོན་དང་ཕན་ནུས་མཐོར་འདེགས་གཏོང་བའི་བླང་བྱ་གཟབ་ནན་གྱིས་དོན་འཁྱོལ་བྱས་ཏེ་འགན་འཁྲི་ཁག་ཁུར་བྱེད་པའི་ཕན་ནུས་ཇེ་དྲག་ཏུ་གཏོང་བ་དང་།  སྔར་ལས་ལྷག་པའི་སྒོ་ནས་གྲོས་མོལ་སྡེ་ཁག་གི་འགན་ནུས་གཙོ་བོ་དང་བྱེད་ནུས་གལ་ཆེན་མངོན་པར་བྱེད་དགོས་ཟེར།

རྩོམ་སྒྲིག་པ། ཕག་གྲུབ།

དཔྱད་མཆན 0 ཡོད།