ཡུས་ཧྲུའུ་ཡི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་བར་ཕན་འབྲས་མངོན་གསལ་བླངས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས “ལྗང་མདོག་གི་དྲིན་དྲན་པ་དང་སྐྱེ་ཁམས་ཀྱིས་རྒྱལ་ཁབ་ལ་དྲིན་འཇལ་བའི”སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལམ་ལུགས་འཐུས་ཚང་དུ་གཏོང་བའི་མ་ལག་བཙུགས་ཏེ། ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་བར་ཕན་འབྲས་མངོན་གསལ་བླངས། 

ཡུས་ཧྲུའུ་ཁུལ་གྱིས་སྔ་རྗེས་སུ《ཡུས་ཧྲུའུ་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་“ཏང་སྲིད་འགན་འཁྲི”དང“ལས་གནས་གཅིག་ལ་འགན་འཁྲི་གཉིས”ཀྱི་འགན་འཁྲིའི་ལམ་ལུགས》དང《ཡུས་ཧྲུའུ་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དམིགས་ཚད་གདེང་འཇོག་དཔྱད་ཞིབ་བྱ་ཐབས》སོགས་ས་གནས་དེ་གའི་དོན་དངོས་དང་མཐུན་པའི་ལག་བསྟར་ཇུས་གཞི་བཟོས་པས་ཁུལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་སྔར་བས་འཐུས་སྒོ་ཇེ་ཚང་དུ་ཕྱིན་ཡོད་པ་རེད། 

སྐྱེ་ཁམས་ཁོར་ཡུག་སྤུས་ཚད་བརྟན་ཆགས་རང་བཞིན་གྱི་ལེགས་བཅོས་བྱས་ཡོད། འབར་སྣུམ་སོལ་རླངས་ལེགས་བཅོས་དང་། ཕྱུགས་སྐྱུར་རྩྭ་འདེབས། སྡོང་འཛུགས་ནགས་སྐྲུན་སོགས་ཀྱི་ཕན་འབྲས་ལྡན་པའི་ལས་དོན་བསྒྲུབས་ནས། གྲོང་ཁྱེར་སོ་སོ་དང་རྫོང་སོ་སོའི་བཙོག་ཆུ་ཐག་གཅོད་བཟོ་གྲྭ་དང་། གད་སྙིགས་ར་བ། ཡུས་ཧྲུའུ་སྨན་བཅོས་གད་སྙིགས་གཅིག་སྡུད་ཐག་གཅོད་ལྟེ་གནས་སོགས་ཀྱི་གལ་ཆེའི་ལས་གཞིའི་རྣམ་གྲངས་ཀྱི་བྱ་འགུལ་སྤེལ་ནས། ཡུས་ཧྲུའུ་ཁུལ་གྱི་གྲོང་ཁྱེར་དང་རྫོང་སོ་སོའི་བཏུང་ཆུའི་འགོ་ཁུངས་ཀྱི་ཆུའི་སྤུས་ཚད་ཚད་གཞི་དང་མཐུན་ཚད100%ལ་སླེབས་པ་དང་། ས་ངོས་ཆུའི་སྤུས་ཚད་ཚད་གཞི་དང་མཐུན་ཚད100%ལ་སླེབས་ཡོད་པས། ཆུ་བོ་ཆེན་པོ་དང་གཙང་བོ་ཆེན་པོའི་ཡན་ལག་ཆུ་བོའི་སྤུས་ཚད་བརྟན་ཆགས་རང་བཞིན་གྱི་ལེགས་བཅོས་བྱུང་ཡོད། 

 དམངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཁྱོན་ཡོངས་ནས་མཐོ་རུ་ཕྱིན་ཡོད། མིག་སྔར་ཞིང་ཆེན་རིམ་པའི་སྐྱེ་ཁམས་དཔེ་སྟོན་གྲོང་ཚོ་21དང་། ལྗང་མདོག་སློབ་གྲྭ་7། ལྗང་མདོག་གཞིས་ཁུལ་1། ཞིང་ཆེན་རིམ་པའི་ཁོར་ཡུག་སློབ་གསོའི་རྟེན་གཞི་2 བཅས་བདེ་བླག་ངང་གསར་དུ་བསྐྲུན་ཏེ། ལྗང་མདོག་འཕེལ་རྒྱས་ལག་ལེན་བསྟར་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་དཔེ་སྟོན་གལ་ཆེན་ཞིག་ཏུ་གྱུར་ཡོད། དེ་དང་ཆབས་ཅིག་གཙང་གསུམ་འབྱུང་ཡུལ་ས་ཆུའི་འགོ་ཁུངས་ནི་སྐབས་གཉིས་པའི“ཀྲུང་གོའི་ཆུ་གཙང”ལ་བདམས་པ་དང་། ཡུས་ཧྲུའུ་ཁུལ་ནི་རྒྱལ་ཡོངས་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ཨུ་ལྷན་གྱིས“རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར”ཞེས་པའི་མིང་བཏགས་པ་དང་། ཡུས་ཧྲུའུ་ཨ་ཆེན་གངས་རྒྱབ་ནི་《འཛམ་གླིང་ཤུལ་བཞག་མིང་མཛོད》ནང་བཅུག་ནས་ཀྲུང་གོའི་འཛམ་གླིང་ཤུལ་བཞག་ཨང་51པར་གྱུར་ཡོད། “རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་རགས་ཇེ་བརྟན་དུ་བཏང་ནས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྐད་གྲགས་ཅན་གསར་དུ་བཏོད་རྒྱུ་ནི”ཡུས་ཧྲུའུ་ས་ཁུལ་གྱི་ལས་བྱེད་མང་ཚོགས་ཚོའི་ཐུན་མོང་གི་འདུ་ཤེས་ཤིག་ཏུ་གྱུར་ཡོད།  །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།