2019ལོའི་ཀྲུང་གོ་མཚོ་སྔོན་བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུ་དང་རྒྱལ་སྤྱིའི་སྐྱེ་ཁམས་ཐོན་ལས་བཤམས་སྟོན་ཚོགས་འདུ་མཚོ་སྔོན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་ནས་ཚོགས་འགོ་བརྩམས།

ཀྲུངགོ་བོད་ཀྱི་དྲ་བའི་འཕྲིན།ཟླ་བརྒྱད་པའི་ཚེས་བདུན་ཉིན་གྱི་སྔ་དྲོར། ཉིས་སྟོང་བཅུ་དགུ་ལོའི་ཀྲུང་གོ་མཚོ་སྔོན་བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུ་དང་རྒྱལ་སྤྱིའི་སྐྱེ་ཁམས་ཐོན་ལས་བཤམས་སྟོན་ཚོགས་འདུ་མཚོ་སྔོན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་ནས་ཚོགས་འགོ་བརྩམས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་དང་ཚོང་དོན་པུའུ་ཡི་པུའུ་ཀྲང་གཞོན་པ་ཝང་པེན་ནན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིག་ཐའོ་བཅས་མཛད་སྒོར་ཞུགས།

སྐབས་འདིའི་འགྲེམ་སྟོན་ཚོགས་འདུས་རང་ཞིང་གི་གནས་ཚུལ་ལ་གཞིགས་པ་དང་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དགོས་མཁོ་དངོས་དང་སྦྲེལ་ཏེ། སྲོལ་རྒྱུན་གྱི་བོད་ལུགས་ས་གདན་འགྲེམ་སྟོན་ཚོགས་འདུའི་རྨང་གཞིའི་སྟེང་ཁྱབ་ཁོངས་རྒྱ་སྐྱེད་པ་དང་སྤུས་ཚད་ཇེ་མཐོར་བཏང་ཞིང་རྒྱལ་སྤྱིའི་སྐྱེ་ཁམས་ཐོན་ལས་བཤམས་སྟོན་ཚོགས་འདུའི་ནང་དོན་ཕུན་སུམ་ཚོགས་པར་བཏང་བ་དང་། མཚོ་སྔོན་གྱི་ཁྱད་ཆོས་འབུར་དུ་ཐོན་པར་བྱས་ཤིང་ནང་དོན་སྣ་མང་ཅན་མངོན་པར་བྱས་པ་དང་འགྲེམ་སྟོན་ཚོགས་འདུའི་བྱ་འགུལ་ལ་ཆེད་ལས་ཅན་དང་སྣ་མང་ཅན་ལྡན་པར་བྱས། འགྲེམ་སྟོན་ཚོགས་འདུས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ་རྒྱལ་སྤྱིའི་མཐོང་རྒྱ་ཡངས་པར་བྱས་པ་དང་མཚོ་སྔོན་གྱི་ཁྱད་ཆོས་མངོན་པར་བྱས་ལ། ལྔ་བཞིའི་འཐབ་ཇུས་ལག་བསྟར་ནན་མོ་བྱས་པ་དང་ཧུར་ཐག་སྒོས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ལ་སྐུལ་འདེད་བཏང་བར་མ་ཟད། སྐྱེ་ཁམས་དཔལ་ཡོན་མཉམ་སྐྲུན་དང་ལྗང་མདོག་འཕེལ་རྒྱས་མཉམ་སྤྱོད་བྱེད་པའི་བརྗོད་དོན་གཙོ་བོར་དམིགས་པ་དང་།  དར་གོས་ཚོང་ལམ་དཔལ་འབྱོར་ས་ཁུལ་གྱི་སྙན་གྲགས་ཐོན་རྫས་གསར་སྐྲུན་བྱེད་པ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བགྲོད་ལམ་ལ་མཉམ་ཇུས་བྱེད་པའི་ཐུན་མོང་གི་དམིགས་འབེན་གསལ་བོར་ཤེས་པར་བྱས་ཏེ། རྒྱལ་ཁབ་ཕྱི་ནང་ཀུན་ལ་མཚོ་སྔོན་གྱིས་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་བྱེད་པར་སྐུལ་འདེད་བཏང་བའི་ཉམས་མྱོང་དང་སྒྲུབ་སྟངས་མཚམས་སྦྱོར་བྱས་པ་དང་། ཕྱོགས་མང་པོ་ནས་མཚོ་སྔོན་གྱི་མི་གཞུང་ལོ་རྒྱུས་དང་སྣ་མང་མཉམ་བསྲེས་བྱེད་པའི་མི་རིགས་རིག་གནས་མངོན་པར་བྱས་པར་མ་ཟད། མཚོ་སྔོན་གྱི་ཕུན་སུམ་ཚོགས་པའི་སྐྱེ་ཁམས་ཐོན་ལས་ཐོན་ཁུངས་དང་སྤུས་ལེགས་སྐྱེ་ཁམས་ཐོན་རྫས་མཚམས་སྦྱོར་བྱས།

བཤམས་སྟོན་ཚོགས་འདུ་འགོ་བརྩམས་པའི་མཛད་སྒོར་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་དང་ཚོང་དོན་པུའུ་ཡི་པུའུ་ཀྲང་གཞོན་པ་ཝང་པེན་ནན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀོ་ཧྭ། ཧྲིན་ཀྲང་གཞོན་པ་ལིག་ཐའོ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོན། ཀྲུང་གོ་འཁེལ་འཐག་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཨུའི་ཧྲུའུ་ཅི་ཀོ་ཡུང་། ཀྲུང་གོ་ཟས་རིགས་ཕྱུགས་ཐོན་དངོས་རྫས་ཕྱིར་གཏོང་ཚོང་ཚོགས་ཀྱི་ཚོགས་གཙོ་ཚོ་ཏི་རོང་སོགས་དང་དེ་མིན་ཧི་ནན་དང་ཅང་སུའུ། ཀན་སུའུ། ཐེན་ཅིན། ཞིན་ཅང་། ཉིན་པོ་སོགས་འབྲེལ་ཡོད་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་སྲིད་གཞུང་གི་འཐུས་ཚབ་ཚོགས་པའི་ཁོངས་མི་སོགས་ཞུགས།

མཛད་སྒོའི་རྗེས་སུ་ཚོགས་འདུར་ཞུགས་པའི་འགོ་ཁྲིད་པ་དང་མགྲོན་པོ་རྣམས་ཀྱིས་འགྲེམ་སྟོན་ཁང་ལ་ལྟ་ཞིབ་བྱས། །

རྩོམ་སྒྲིག་པ། ཕག་གྲུབ།

དཔྱད་མཆན 0 ཡོད།