ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས4ཉིན། “ ཀྲུང་གོའི་གེ་སར་རིག་གནས་ཀྱི་ཕ་སར་བསྐྱོད་པ”ཞེས་པ་བརྗོད་དོན་ཡིན་པའི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཡུལ་གེ་སར་རིག་གནས་དུས་ཆེན་སྐབས་བདུན་པའམ་རྒྱལ་སྤྱིའི་མཐོ་སྒང་གི་མི་མེད་གནམ་གྲུ་འགྲན་སྡུར་རྨ་ཆེན་རྗོང་རྟ་བོ་གྲོང་རྡལ་དུ་གཟབ་རྒྱས་ངང་སྤེལ་འགོ་བརྩམས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲོན་མཛད་སྒོ་སྟེང་ཞུགས་པ་མ་ཟད་བྱ་འགུལ་སྤེལ་འགོ་བརྩམས་པ་ཁྱབ་བསྒྲགས་བྱས། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན། ཞིང་ཆེན་སྲིད་གྲོས་སོགས་སྡེ་ཁག་གི་འགན་ཁུར་བ་ཐེངས་འདིའི་བྱ་འགུལ་ལ་ཞུགས་ཡོད།
རྨ་ཡུལ་གེ་སར་རིག་གནས་གནས་སྐོར་དུས་ཆེན་བསྟུད་མར་སྐབས་དྲུག་ལ་བསྡུས་པ་དང་། མགོ་ལོག་ས་ཁུལ་དུ་མཚན་སྙན་ཆེས་ཆེ་བའི་རིག་གནས་གནས་སྐོར་བྱ་འགུལ་དུ་གྱུར་ཡོད། སྐབས་འདིའི་བྱ་འགུལ་ཀྱི་བརྗོད་དོན་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ70དང་། མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ70འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུས་པའི་དུས་མཚུངས་སུ། ཐུན་མོང་མ་ཡིན་པའི་མགོ་ལོག་ས་ཁུལ་གྱི་གནས་སྐོར་ཐོན་ཁོངས་དང་ཁྱད་ལྡན་ཐོན་ལས། མཁར་གྲོང་འཛུགས་སྐྲུན་སོགས་འགྲེམ་སྟོན་བྱ་རྒྱུ་དེ་རེད།
དུས་ཡུན་ཉིན་གསུམ་རིང་གི་བྱ་འགུལ་ཁྲོད། ཀྲུང་གོའི་གེ་སར་རིག་གནས་ཀྱི་ཕ་ས་སྟེ་རྨ་ཡུལ་མགོ་ལོག་གི་ཐུན་མོང་མ་ཡིན་པའི་མཛེས་སྡུག་འགྲེམ་སྟོན་བྱེད་པ་གཙོ་བྱས་ཏེ། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་རྩ་འཛུགས་བྱས་པའི་འཁྲབ་སྟོན་རུ་ཁག་གིས་གེ་སར་རྒྱལ་པོའི་སྒྲུང་འཁྲབ་སྟོན་དང་མདའ་འཕེན། པར་ལེན། རིག་གནས་གནས་སྐོར་ཐོན་ལས་འགྲེམ་སྟོན་སོགས་བྱ་འགུལ་སྤེལ་བ་བརྒྱུད། མགོ་ལོག་ས་ཁུལ་གྱི་རིགས་སོ་སོའི་མི་དམངས་ཀྱི་ལས་ལ་བརྩོན་ནས་བདེ་སྐྱིད་ཀྱི་བགྲོད་ལམ་དུ་སྙེགས་པའི་དུས་རབས་ཀྱི་སྙིང་སྟོབས་ཤིག་མཚོན་ཡོད། །
རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།
མགོ་ལོག་ཁུལ་གྱི་རྨ་ཡུལ་གེ་སར་རིག་གནས་གནས་སྐོར་དུས་ཆེན་སྐབས་བདུན་པ་སྤེལ་འགོ་བརྩམས་པ།