ཀྲུང་གོ་བོད་ཀྱི་དྲ་བའི་ཕྲིན། ཟླ་བརྒྱད་པའི་ཚེས་གཅིག་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིག་ཐའོ་སྔ་གཞུག་ཏུ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཐུན་རིན་རྫོང་དང་གཅན་ཚ་རྫོང་དུ་སོང་ནས། ས་གནས་དེ་གཉིས་ཀྱི་དམག་ཁོངས་ལས་ཕྱིར་བུད་པའི་དམག་མིའི་ཆ་འཕྲིན་བསྡུ་སྒྲིག་དང་ཞབས་ཞུ་འགན་སྲུང་། ཁྲོམ་རའི་ལྟ་སྐུལ་དོ་དམ་གྱི་ཕྱོགས་བསྡུས་ཁྲིམས་འཛིན་བཅོས་སྒྱུར། ཟས་རིགས་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་བྱ་བ། སྲིད་དོན་ཞབས་ཞུའི་དྲ་གཅིག་ཀུན་ཁྱབ་གཉེར་བའི་ལས་དོན། ཞིང་སྡེའི་གློག་རྡུལ་འཕེལ་རྒྱས་འཁོར་རྒྱུག་སོགས་ཀྱི་བྱ་བར་རྟོག་ཞིབ་བྱས་ཏེ་ནན་གྱིས་བསྟན་དོན། ཁེ་ལས་ལ་ཕན་པར་བྱེད་པ་དང་དམངས་ལ་སྟབས་བདེ་བསྐྲུན་པའི་ཐད་བསམ་བློ་མང་ཙམ་གཏོང་རྒྱུ་དང་། དམངས་ལ་ཞབས་འདེགས་ཞུ་བའི་ཐད་ཐབས་ཤེས་གང་མང་བཏོན་མཐར། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བྱས་རྗེས་འཇོག་དགོས་ཟེར།
ལིག་ཐའོ་ཡིས་བསྟན་དོན། དམག་ཁོངས་ལས་ཕྱིར་བུད་པའི་དམག་མིའི་ལས་དོན་དང་ཉོ་ཚོང་བརྗེ་རེས། ཁྲོམ་རའི་ལྟ་སྐུལ་དོ་དམ། སྲིད་དོན་ཞབས་ཞུའི་ལས་དོན་བཅས་ནི་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་ཅིང་། དེ་ནི་སྲིད་གཞུང་གི་ཁྲིམས་འཛིན་ནུས་པ་དང་ཞབས་ཞུའི་ཆུ་ཚད་བཟང་མིན་ལ་བརྟག་པའི་མངོན་སྟངས་གཙོ་བོ་ཡིན། རྨང་རྐང་བརྟན་པོའི་སྒོ་ནས་དམག་ཁོངས་ལས་ཕྱིར་བུད་པའི་དམག་མིའི་ལས་ཞུགས་ལས་སྐྲུན་ལ་གཞོགས་འདེགས་བཟང་པོ་བྱེད་པ་དང་ཁེ་དབང་ལ་འགན་སྲུང་བྱེད་པ། དཀའ་ངལ་ཐག་གཅོད་པ། དམག་ཁོངས་ལས་ཕྱིར་བུད་པའི་དམག་མིའི་ཆེས་སེམས་ཁུར་བྱེད་ཡུལ་གཙོ་བོ་ངོས་ཟིན་པར་བྱེད་པ་དང་དེ་ཐག་གཅོད་ཡག་པོ་བྱེད་པ་བཅས་ལ་འབད་དེ། དམག་ཁོངས་ལས་ཕྱིར་བུད་པའི་དམག་མིའི་བསམ་བློ་དང་འཚོ་བ་སྔར་ལས་ཇེ་བརྟན་དུ་འགྲོ་བར་འགན་ལེན་བྱེད་དགོས། ཞིང་སྡེའི་གློག་རྡུལ་ཚོང་ལས་ནི་ཞིང་ཕྱུགས་ལས་རིགས་ཚུལ་སྒྱུར་རིམ་སྤོར་བྱེད་པ་དང་རོང་འབྲོག་མི་དམངས་ཀྱི་ཡོང་སྒོ་འཕར་སྣོན་བྱེད་པ། ཞང་དང་སྡེ་བ་བསྐྱར་དར་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བརྒྱུད་ལམ་གལ་ཆེན་ཞིག་ཏུ་བརྩིས་ཏེ་དམ་པོར་འཛིན་དགོས་ཤིང་། མཁར་གྲོང་མང་ཚོགས་ཀྱི་འཚོ་བའི་དགོས་མཁོ་ཕྱོགས་ཡོངས་ནས་སྐོང་དགོས་པར་མ་ཟད། མཚོ་སྔོན་གྱི་ཐོན་རྫས་དུ་མ་ཚོང་རའི་སྟེང་ཐོན་པར་བྱས་མཐར། མཚོ་སྔོན་གྱི་ཤུགས་ཆེན་དང་སྙན་གྲགས་སྔར་ལས་ཇེ་ཆེར་གཏོང་དགོས་ཟེར།
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
ལིག་ཐའོ་ཡིས་རྨ་ལྷོ་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས།