མཚོ་སྔོན་ཞིང་ཆེན་གྱིས་རབས་གསུམ་པའི་སྤྱི་ཚོགས་འགན་སྲུང་བྱང་བུའི་ཆེད་གཏོགས་ནུས་པ་ཐོག་མར་བསྣན་པ་དེས་དབང་པོ་སྐྱོན་ཅན་ཁྲི་18ལ་ཕན་པ་ཐོབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་ཀྲའོ་ཡན་མེ་སོགས་དབང་པོ་སྐྱོན་ཅན་6ལ་ཆེད་གཏོགས་ཀྱི་བཀོལ་སྤྱོད་ནུས་པ་བསྣན་པའི་རབས་གསུམ་པའི་སྤྱི་ཚོགས་འགན་སྲུང་བྱང་བུ་རག་པ་རེད། སླད་ཕྱིན་ཟླ་བ་འགས་ཤས་རིང་མཚོ་སྔོན་ཞིང་ཆེན་དུ་དབང་པོ་སྐྱོན་ཅན་ཁྲི་18ཀྱིས་ཆེད་མངགས་ཀྱི“བྱང་བུ་གཅིག་ཀུན་འཐུས”ཐོག་མར་སྤྱོད་རྒྱུ་ཡིན་པ་སྟེ། དབང་པོ་སྐྱོན་ཅན་གྱི་ལག་ཁྱེར་མ་ཁྱེར་ཀྱང་བྱང་བུ་ཁྱེར་ན་སྨན་བཅོས་ཐུབ་པ་དང་སྤྱི་པའི་འགྲིམ་འགྲུལ་འཕྲུལ་འཁོར་དུ་སྡོད་ཐུབ།

གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། དེ་ནི་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་མཚོ་སྔོན་ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་། ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སི་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་དང་མཉམ་དུ་སྤྱི་ཚོགས་འགན་སྲུང་བྱང་བུ་དབང་པོ་སྐྱོན་ཅན་ཁྱབ་ཁོངས་སུ་བཀོལ་སྤྱོད་བྱེད་པར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད།

“སྤྱི་ཚོགས་འགན་སྲུང་ནི་དམངས་འཚོའི་རྟེན་གཞི་ཞིག་ཡིན་ཞིང་། རབས་གསུམ་པའི་སྤྱི་ཚོགས་འགན་སྲུང་བྱང་བུ་བརྗེ་བའི་གོ་སྐབས་སྤྱད་དེ་དབང་པོ་སྐྱོན་ཅན་ལ་ཆེད་སྤྱོད་བྱང་བུ་སྤྲད་པ་ལས་མཚོ་སྔོན་ཞིང་ཆེན་གྱི‘སྤྱི་ཚོགས་འགན་སྲུང་དྲ་བ་བཟོ་བའི’ཐོག་མའི་བསམ་འཆར་སྔར་བས་མངོན་ཡོད”མཚོ་སྔོན་ཞིང་ཆེན་འགན་འཕྲིན་འདུ་འགོད་དོ་དམ་གཞུང་དོན་ཁང་གི་མཐོ་རིམ་དཔལ་འབྱོར་བ་ཤིའུ་ལིན་གྱིས། མི་སྤྱི་དང་། སྨན་བཅོས། དངུལ་རྩ་སོགས་གཞི་རྩའི་བཀོལ་སྤྱོད་ནུས་པ་ལྡན་པ་ཕུད་དབང་པོ་སྐྱོན་ཅན་གྱི་ཆེད་སྤྱོད་གཱ་ལ‘དབང་པོ་སྐྱོན་ཅན་གྱི་ལག་ཁྱེར’གྱི་ནུས་པ་བསྣན་པ་དང་། བྱང་བུ་ཡི་དོ་བདག་གིས་གཟིགས་སྐྱོང་སྲིད་ཇུས་ཁག་ལོངས་སུ་སྤྱོད་པ་དང་འབྲེལ་ཆེད་དོན་ཁ་གསབ་ཀྱང་ཡོད་ཅེས་བརྗོད།

མཚོ་སྔོན་ཞིང་ཆེན་གྱིས་2014ལོའི་ཟླ་10པར་རབས་གཉིས་པའི་སྤྱི་ཚོགས་འགན་སྲུང་གཱ་སྤྲད་ཚུན། བྱང་བུ་ཡོད་མཁན་ཁྲི་540ལྷག་ཙམ་ཟིན་པ་དེ་རྒྱུན་སྡོད་མི་འབོར་90%ལ་ཁྱབ་ཡོད། མཚོ་སྔོན་ཞིང་ཆེན་གྱི་རབས་གསུམ་པའི་སྤྱི་ཚོགས་འགན་སྲུང་བྱང་བུ་ནི་ཆ་འཕྲིན་དམངས་ཕན་བྱང་བུ་ཞིག་ཀྱང་རེད། ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ཞིང་ཆེན་བསྒྲལ་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་པར་ཐད་ཀར་རྩིས་རྒྱག་པའི་ནུས་པ་དང“འཕྲལ་མར་སྤྲོད་པའི”ནུས་པ་གསར་དུ་བསྣན་པ་དང་། འབྱུང་འགྱུར་སྲིད་གཞུང་གི་ལས་དོན་དང་ལྷག་པར་དུ་སྤྱི་པའི་ཞབས་ཞུ་དེ་བས་མང་བར་སྤྱི་ཚོགས་འགན་སྲུང་བྱང་བུ་མངོན་འགྱུར་ཐུབ་རྒྱུ་ཡིན་པ་རེད།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།