ཀྲུང་དབྱང་སྐྱེལ་མ་ཚོགས་པ་དང་ཀྲུང་དབྱང་ལས་ཁུངས་ཀྱི་སྐོར་ཁག་བཞི་བའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་ཟི་ལིང་དུ་ཐོན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ7པའི་ཚེས29ཉིན། ཀྲུང་དབྱང་སྐྱེལ་མ་ཚོགས་པ་དང་ཀྲུང་དབྱང་ལས་ཁུངས་ཀྱི་སྐོར་ཁག་བཞི་བའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་ཟི་ལིང་དུ་ཐོན། ཀྲུང་དབྱང་སྐྱེལ་མ་ཚོགས་པའི་ཚོགས་གཙོ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་པུའུ་ཀྲང་གཞོན་པ་ཐང་ཐོ་སོགས་གནམ་གྲུ་གཅིག་ཏུ་བསྡད་དེ་ཟི་ལིང་དུ་ཐོན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཡན་གཉིས་ཀྱིས་སོ་སོར་བཅའ་སྡོད་བྱེད་ས་དང་གནམ་གྲུ་ཐང་ནས་བསུ་མ་བྱས།

སྐོར་ཁག་བཞི་བའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣ་སུམ་བརྒྱ་དང་གཉིས་མིག་སྔར་མཚོ་སྔོན་ཞིང་ཆེན་དུ་ཐོན་པ་དང་། དེའི་ཁྲོད། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱིས་མི་ང་བདུན་བདམས་མངག་བྱས་པ་དང་། ཀྲུང་དབྱང་ཁེ་ལས་ཀྱི་མི་ཉེར་བཞི་བདམས་མངག་བྱས་ལ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་གྱིས་མི་ཉིས་བརྒྱ་དང་ཉེར་གཉིས་བདམས་མངག་བྱས་ཡོད་པ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་སུ་མི་བཞི་བཅུ་བདམས་མངག་བྱས་ཡོད་པ་དང་། ཁུལ་དང་གྲོང་ཁྱེར་དང་ཁུལ་དང་གྲོང་ཁྱེར་གྱི་ཐད་གཏོགས་ལས་ཁུངས་སུ་མི་བརྒྱ་དང་ང་བཞི་བདམས་མངག་བྱས་ཡོད་ལ། རྫོང་དང་རྫོང་ཐད་གཏོགས་ལས་ཁུངས་སུ་མི་བརྒྱ་དང་བརྒྱད་བདམས་མངག་བྱས་ཡོད། ཐིན་དང་ཅུའུ་གཞོན་པ་རིམ་པའི་ལས་བྱེད་པ་སོ་གཉིས་དང་རྫོང་ཁྲུའུ་རིམ་པའི་ལས་བྱེད་པ་བརྒྱ་དང་ཉེར་དགུ ཞང་ཁི་རིམ་པའི་ལས་བྱེད་པ་ཞེ་བརྒྱད། ཆེད་ལས་ལག་རྩལ་འཇོན་མི་གོ་གསུམ་བཅས་ཡོད།

ཟླ་བདུན་པའི་ཚེས་སུམ་ཅུ་ཉིན་གྱི་ཕྱི་དྲོ་ནས་བཟུང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣ་དེ་དག་གིས་དུས་ཡུན་ཉིན་གསུམ་རིང་གི་སློབ་སྦྱོང་གསོ་སྦྱོང་དང་ལེན་བྱེད་རྒྱུ་ཡིན་པ་དང་། ཆེད་དོན་འཆད་ཁྲིད་ལ་ཉན་པ་སོགས་ཀྱི་རྣམ་པ་བརྒྱུད་དེ། མཚོ་སྔོན་ཞིང་ཆེན་གྱི་མིག་སྔའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ད་ལྟའི་གནས་བབ་དང་མ་འོངས་པའི་གནས་བབ་ཐ་ཀྱི་དབྱེ་ཞིབ་དང་། དབུལ་ཐར་མཁྲེགས་གཏོར་བྱ་བའི་གནས་ཚུལ། ཞིང་ཆེན་ཡོངས་ཀྱི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་སྤེལ་བའི་གནས་ཚུལ། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བ་སྤེལ་བའི་གནས་ཚུལ་བཅས་ལ་རྒྱུས་ལོན་གཏིང་ཟབ་བྱས་པ་དང་། མཚོ་སྔོན་གྱི་བོད་ལུགས་གསོ་རིག་རིག་གནས་རྟེན་མཛོད་གླིང་ལ་ལྟ་ཞིབ་བྱས་ལ། མཚོ་སྔོན་ཞིང་ཆེན་གནས་ཚུལ་ལ་ཁྱོན་ཡོངས་ནས་རྒྱུས་ལོན་བྱས་ཏེ། རྗེས་ཕྱོགས་བྱ་བ་སྤེལ་བའི་ཐད་རྨང་གཞི་བརྟན་པོ་བཏིངས།

རྒྱུས་ལོན་བྱུང་བ་ལྟར་ན། ཟླ་བརྒྱད་པའི་ཚེས་གཉིས་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྐོར་ཁག་བཞི་བའི་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ཡོངས་རྫོགས་ལས་རྐང་སྟེང་འབྱོར་ནས་རོགས་སྐྱོར་ལས་ཁུངས་ཀྱི་བྱ་བ་སྣ་ཚོགས་ཁྲོད་ཞུགས་རྒྱུ་རེད། །


རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།