ཟི་ལིང་ས་ཁུལ་གྱི་སྐབས33པའི་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་ཟི་ལིང་ལྷོ་རི་གླིང་ག་རུ་ཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།(གསར་འགོད་པ། ཚེ་མཁར་རྒྱལ། རྒྱལ་མོ་སྐྱིད། )2019ལོའི་ཟླ7པའི་ཚེས27ཉིན་གྱི་སྔ་དྲོར། “མི་རིགས་མཐུན་སྒྲིལ་གྱི་བརྩེ་བ་ཇེ་ཟབ་ཏུ་བཏང་ནས། ཐུན་མོང་གིས་འཆམ་མཐུན་གྱི་ཀུན་སྤྱོད་བསྐྲུན་དགོས”ཞེས་པ་བརྗོད་སྙིང་ཡིན་པའི་ཟི་ལིང་ས་ཁུལ་གྱི་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས33པ་ཟི་ལིང་ལྷོ་རི་གླིང་ག་ནས་གཟབ་རྒྱས་ངང་འཚོགས། ཐེངས་འདིའི་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་ནི་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པ་དང་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་གཉིས་ཀྱིས་གཙོ་སྒྲུབ་བྱས།

229dca47b03574183b20c40a49ca1732.jpg

ཐེངས་འདིའི་ཟི་ལིང་ས་ཁུལ་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་གྱི་མཛད་སྒོའི་སྟེང་མཚོ་སྔོན་ཞིང་ཆེན་དམངས་ཆེན་གྱི་ཀྲུའུ་རེན་གཞོན་པ་ཟུར་པ་སྟག་འབུམ་ཐར་དང་མཚོ་སྔོན་ཞིང་ཆེན་དམངས་ཆེན་གྱི་ཀྲུའུ་རེན་གཞོན་པ་ཟུར་པ་སངས་རྒྱས། མཚོ་སྔོན་ཞིང་ཆེན་དམག་ཁུལ་གྱི་དམག་སྤྱི་གཞོན་པ་ཟུར་པ་བཞི་མགོན་པོ་སོགས་ཞུགས་ཡོད། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཟུར་པ་གཅོད་པ་དོན་འགྲུབ་ཀྱིས་ཤིས་ཚིག་ཕུལ།

9b3d81d1816415060b8472b5abe32b4e.jpg

མཚོ་སྔོན་ཞིང་ཆེན་དམངས་ཆེན་གྱི་ཀྲུའུ་རེན་གཞོན་པ་ཟུར་པ་སྟག་འབུམ་ཐར་གྱིས་སྐབས33པའི་ཟི་ལིང་ས་ཁུལ་གྱི་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་འགོ་རྩོམ་པ་ཁྱབ་བསྒྲགས་བྱས།

d081673cddd9db1cb35729b996f3bf5f.jpg

མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཟུར་པ་གཅོད་པ་དོན་འགྲུབ་ཀྱིས་ཤིས་ཚིག་ཕུལ་བཞིན་པ།

ཟི་ལིང་ས་ཁུལ་གྱི་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་ནི1983ལོའི་ཟླ6པར་མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་ཟི་ལིང་ས་ཁུལ་གྱི་རྒྱ་ཆེའི་བོད་རིགས་སྤུན་ཟླ་རྣམས་ཀྱི་རིག་གནས་རོལ་རྩེད་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་དར་སྤེལ་ལ་དམིགས་ཏེ་སྒྲུབ་པའི་བྱ་འགུལ་ཞིག་ཡིན་ལ། དེ་ལ“དྲུག་པའི་བོད་ཚོགས”ཡང་ཟེར། 2004ལོ་ནས་བཟུང་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས་གཙོ་སྒྲུབ་གནང་ལ། མིང་ལ“ཟི་ལིང་ས་ཁུལ་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན”དུ་བསྒྱུར། འདི་ནི་ཟི་ལིང་ས་ཁུལ་གྱི་བོད་རིགས་ལས་བྱེད་པ་ཅུང་མང་པའི་ལས་ཁུངས་དང་སློབ་ཆེན་ཁག  གསར་འགྱུར་སྡེ་ཁག་སོགས་ནས་རེས་མོས་ཀྱིས་གཙོ་སྒྲུབ་བྱེད་ཀྱིན་ཡོད། ད་ལྟའི་བར་སྐབས32བསྒྲུབས་ཟིན་ལ། སྒྱུ་རྩལ་དུས་ཆེན་འདིའི་ནང་དོན་ཕུན་སུམ་ཇེ་ཚོགས་དང་བོད་རིགས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཇེ་ལེགས་དུ་གཏོང་ཆེད་ལོ་རེར་ཐེངས་གཅིག་རེ་སྤེལ་བཞིན་ཡོད་པ་རེད།

1bab907410e384efcae13daec9eeb845.jpg

ཐེངས་འདིའི་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྟེང་ཟི་ལིང་ས་ཁུལ་གྱི་བོད་རིགས་ལས་ཁུངས་སོ་སོ་དང་། སློབ་ཆེན་ཁག་སོ་སོ། ཁེ་ལས་སྡེ་ཁག་སོ་སོ་བཅས་གཙོ་བྱས་ནས། མཚོ་ལྷོ་དང་རྨ་ལྷོ། ཡུས་ཧྲུའུ། མགོ་ལོག  མཚོ་བྱང་སོགས་བོད་རིགས་རང་སྐྱོང་ཁུལ་དག་ནས་ཡོང་བའི་བོད་རིགས་སྤུན་ཟླ་ལྷན་དུ་འདུས་ཡོད་ལ། རིག་རྩེད་ཀྱི་རྣམ་གྲངས་ཀྱང་སྔར་ལས་ཇེ་མང་དུ་སོང་ཡོད་པ་དང་། རིག་རྩལ་རྣམ་གྲངས་སོ་སོར་བོད་ཀྱི་མདའ་རྩེད་འགྲན་སྡུར་དང་རིག་རྩལ་འཁྲབ་སྟོན།  བོད་ཀྱི་མིག་མངས་འགྲན་སྡུར་སོགས་བཀོད་སྒྲིག་བྱས་ཡོད། རྒྱ་ཆེ་ལྟད་མོ་བ་ཀུན་གྱིས་མགྲིན་གཅིག་ཏུ་ད་ལོའི་རིག་རྩལ་འཁྲབ་སྟོན་གྱི་ནང་དོན་སྔར་ལོ་ལས་ཕུན་སུམ་ཚོགས་པར་འདུག་ཅེས་བསྔགས་བརྗོད་བྱེད་བཞིན་ཡོད།    །  

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།