ལིག་ཕན་རི་བོ་མུ་འབྲེལ་ཁུལ་སྲིད་གྲོས་ཀྱི་གནད་ཕིགས་དབུལ་སྐྱོར་བརྗེ་རེས་སྐུལ་སྤེལ་གྲོས་ཚོགས་ཉིན་ཞ་ནས་ཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་ཉེར་གསུམ་ཉིན་ནས་ཚེས་ཉེར་བཞི་ཉིན་བར། ལིག་ཕན་རི་བོ་མུ་འབྲེལ་ཁུལ་སྲིད་གྲོས་ཀྱི་གནད་ཕིགས་དབུལ་སྐྱོར་བརྗེ་རེས་སྐུལ་སྤེལ་གྲོས་ཚོགས་ཐེངས་ལྔ་བ་ཉིན་ཞ་ཧོས་རིགས་རང་སྐྱོང་ཁུལ་གུའུ་ཡོན་གྲོང་ཁྱེར་ནས་ཚོགས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དབྱང་ཁྲོན་ཐང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྲོས་ཚོགས་ལ་ཞུགས་ནས་བརྗེ་རེས་གཏམ་བཤད་གནང་།

དབྱང་ཁྲོན་ཐང་གིས་གྲོས་ཚོགས་བསྡུས་པར་རྟེན་འབྲེལ་ཞུས། ཁོས་བསྟན་དོན། ལིག་ཕན་རི་བོ་མུ་འབྲེལ་ཁུལ་དེ་རྒྱལ་ཁབ་ཀྱིས་གཏན་ཁེལ་བྱས་པའི་གཅིག་བསྡུས་མུ་འབྲེལ་གྱི་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་བཅུ་བཞི་གྲས་ཀྱི་གཅིག་ཡིན་པའི་ཆ་ནས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོ་འོག་དང་། ཧྲན་ཞི་དང་ཀན་སུའུ། མཚོ་སྔོན། ཉིན་ཞ་བཅས་ཞིང་ལྗོངས་བཞི་ཡི་ཏང་ཨུ་དང་སྲིད་གཞུང་། མུ་འབྲེལ་ཁུལ་གྱི་རིགས་སོ་སོའི་མི་དམངས་མང་ཚོགས་བཅས་ཀྱིས་འབད་འཐབ་ལྷོད་མེད་བརྒྱུད་དེ། དབུལ་ཐར་མཁྲེགས་གཏོར་ཐད་ནས་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་བླངས་ཟེར། ཁོས་བཤད་རྒྱུར། ལིག་ཕན་རི་བོ་མུ་འབྲེལ་ཁུལ་གྱི་གནད་ཕིགས་དབུལ་སྐྱོར་བརྗེ་རེས་སྐུལ་སྤེལ་གྲོས་ཚོགས་ཀྱི་མཉམ་ལས་རྐྱེན་སྲོལ་བཙུགས་པ་དེས། མི་དམངས་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོ་རྣམ་པ་རྒྱ་སྐྱེད་པ་དང་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་། མི་དམངས་སྲིད་གྲོས་ཀྱིས་དཀྱིལ་སྙིང་ལ་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཆབ་སྲིད་ཀྱི་རང་རྟོགས་མཐོན་པོ་མངོན་པར་བྱས་ཡོད། ཁོས་ཞིང་ལྗོངས་བཞི་ཡིས་མུ་མཐུད་དུ་བྱ་བ་ཤུགས་ཆེན་སྒོས་སྤེལ་ནས། དུས་བཀག་ལྟར་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པར་ཁག་ཐེག་བྱེད་པ་དང་། མཉམ་ལས་ལ་ཤུགས་སྣོན་པ་དང་དངོས་གཉེར་ཕན་མཐོ་ཡི་མཉམ་ལས་བརྗེ་རེས་རྐྱེན་སྲོལ་འཛུགས་དགོས་ཟེར།

རྡོ་རྗེ་རབ་བརྟན་གྱིས་བརྗེ་རེས་གཏམ་བཤད་སྐབས་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དབུལ་ཐར་མཁྲེགས་གཏོར་བྱེད་རྒྱུ་དེ་དོན་དག་གལ་ཆེན་དང་དམངས་ཚིས་བཟོ་སྐྲུན་དང་པོ་རུ་བརྩི་བ་རྒྱུན་འཁྱོངས་བྱས་པ་དང་། དབུལ་ཐར་མཁྲེགས་གཏོར་གཙོ་གནད་བོད་ཁུལ་དང་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་དུ་བཞག་སྟེ། ཞིང་ཆེན་ཡོངས་ཀྱི་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་ཐད་ནས་ནམ་ཡང་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་མ་དངུལ་མང་པོ་གཏོང་བ། མཉམ་འཛིན་མཉམ་སྐུལ་བྱེད་པའི་རྣམ་པ་སྲུང་འཛིན་བྱས་པས། གྲུབ་འབྲས་མངོན་གསལ་བླངས་ཟེར།

རྡོ་རྗེ་རབ་བརྟན་གྱིས་བཤད་རྒྱུར། ད་ལོ་ནི་མཚོ་སྔོན་གྱིས་དབུལ་བོ་དབུལ་ནག་ཧ་ལམ་མེད་པར་བྱེད་པའི་མཁྲེགས་གཏོར་གྱི་ལོ་ཡིན་པས། ང་ཚོས་ཀྲུང་དབྱང་ཆེད་དོན་སྐོར་ཞིབ་ཁྲོད་རྙེད་པའི་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་ལས་འགན་ལ་སྔར་ལས་དམ་འཛིན་བྱེད་པ་དང་། དམངས་ཚིས་ཀྱི་འགན་སྲུང་ཐད་ཀྱི་ཞན་ཆ་ཁ་གསབ་བྱེད་པ། སྲ་བརྟན་དང་མཐོར་འདེགས་སུ་གཏོང་བའི་རེ་བ་ལག་བསྟར་བྱེད་པ། བསམ་བློ་དབུལ་ཐར་གྱི་བྱེད་ཐབས་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ནས། རིགས་སོ་སོའི་མང་ཚོགས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པར་ཁག་ཐེག་བྱེད་པ་དང་། མཉམ་དུ་བཅོས་བསྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སྤྱོད་བྱེད་དགོས་ཟེར།

ཚོགས་ཐོག་ཏུ། ཧྲན་ཞི་ཞིང་ཆེན་དང་ཀན་སུའུ་ཞིང་ཆེན། ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས་བཅས་ཀྱི་སྲིད་གྲོས་ཀྱི་འགན་ཁུར་བློ་མཐུན་གྱིས་བརྗེ་རེས་གཏམ་བཤད་གནང་བ་དང་། དབུལ་སྐྱོར་སྡེ་ཁག་གིས་རང་སོ་སོའི་བྱ་བ་ངོ་སྤྲོད་བྱས་པ་དང་གྲོས་ཚོགས་ཐེངས་བཞི་བའི་ཚུན་གྱི་གནས་ཚུལ་ཁྱབ་བསྒྲགས་བྱས།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཏི་ཀྲི་གྲོས་ཚོགས་ལ་ཞུགས། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།