རྒྱལ་ཡོངས་སྲིད་གྲོས་ཀྱི་རྟོག་ཞིབ་ཚོགས་པས་མཚོ་སྔོན་ཞིང་ཆེན་དུ་ཆེད་དོན་བརྟག་ཞིབ་བྱས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་7པའི་ཚེས་14ཉིན་ནས་19ཉིན་བར། རྒྱལ་ཡོངས་སྲིད་གྲོས་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཝུའེ་ཀོང་གིས“རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་བྱ་བར་ཤུགས་སྣོན་དང་སྐྱེ་ཁམས་བདེ་འཇགས་འགོག་སྲུང་”རྟོག་ཞིབ་ཚོགས་ཆུང་གི་སྣེ་ཁྲིད་དེ་མཚོ་སྔོན་དུ་ཆེད་དོན་རྟོག་ཞིབ་བྱས་པ་རེད། རྟོག་ཞིབ་བྱས་པའི་རིང་ཚོགས་ཆུང་གིས་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་འཚོགས་ནས་ཞིང་ཆེན་སྲིད་གཞུང་དང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་འཛུགས་སྐྲུན་སྐོར་གྱི་སྙན་ཞུ་ལ་ཉན་ཏེ། འབྲེལ་ཡོད་འགན་ཁུར་བློ་མཐུན་དང་མཉམ་དུ་བགྲོ་གླེང་དང་བཞུགས་མོལ་གཏིང་ཟབ་གནང་བ་རེད།

རྟོག་ཞིབ་ཚོགས་ཆུང་འཁོར་དང་བཅས་པས་སྔ་གཞུག་ཏུ་མདོ་ལ་རྫོང་གི་རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བཅས་ཀྱི་སྐྱེ་ཁམས་སླར་གསོའི་རྣམ་གྲངས་དང་། རྡུལ་ཕྲན་གྲོང་ཁྱེར་དྲན་གསོ་ཁང་དང་། མཚོ་སྔོན་པོའི་བྱེ་འགོག་བྱེ་བཅོས་དཔེ་སྟོན་ཁུལ། ཡུས་ཧྲུའུ་གྲོང་ཁྱེར་ཡོམ་འགོག་རྒུད་སྐྱོབ་དྲན་གསོ་ཁང་། ཡུས་ཧྲུའུ་གྲོང་ཁྱེར་མཐོ་སྒང་མུའུ་སྟོང་གི་ནགས་ཤིང་སོན་བཟང་གསོ་སྤེལ་ཚོད་ལྟའི་རྟེན་གཞི། ནང་ཆེན་རྫོང་སྤྲེལ་ཚ་ཤང་བྲག་སྨད་གྲོང་ཚོའི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་རྣམ་གྲངས། གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོང་ལྟེ་བའི་ཁུལ་སྤྲེལ་ཚ་ནགས་ཚལ་ར་བ་སོགས་ལ་རྟོག་ཞིབ་བྱས་པ་མ་ཟད། འབྲོག་པའི་དུད་ཁྱིམ་དུ་བསྐྱོད་དེ་རྩྭ་ཐང་སྐྱེ་ཁམས་བཅོས་སྐྱོང་དང་། རྩྭ་ཕྱུགས་དོ་མཉམ། རྩྭ་རིའི་ཁ་གསབ་བྱ་དགའ། དབུལ་ཐར་འགག་སྒྲོལ་བཅས་ཀྱི་སྲིད་ཇུས་དང་བྱ་ཐབས་ལག་བསྟར་དོན་འཁྱོལ་བྱས་པའི་གནས་ཚུལ་ལ་བརྟག་དཔྱད་དང་རྒྱུས་ལོན་བྱས་པ་རེད།

རྟོག་ཞིབ་ཚོགས་ཆུང་གིས་རང་ཞིང་གི་རྩྭ་ཐང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་དང་། རྒྱལ་ཡོངས་མཐོ་སྒང་དེང་རབས་སྐྱེ་ཁམས་འབྲོག་ལས་དཔེ་སྟོན་ཁུལ་འཛུགས་སྐྲུན། གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན། སྐྱེ་ཁམས་བདེ་འཇགས་འགོག་སྲུང་བཅས་ལ་ཐོན་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་རེད། རྟོག་ཞིབ་ཚོགས་པས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དགོངས་པར་གཏིང་ཟབ་སྒོས་སློབ་སྦྱོང་དོན་འཁྱོལ་དང་། ཆུ་དྭངས་རི་ལྗང་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་སྲ་བརྟན་དུ་བཏང་སྟེ། སྐྱེ་ཁམས་བདེ་འཇགས་འགོག་སྲུང་བསྐྲུན་པ་དང་མགྱོགས་མྱུར་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་ཧུར་ཐག་གིས་བྱས་རྗེས་འཇོག་དགོས་པའི་བསམ་པ་བསྟན།  །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།