ཆུ་ཁོལ་དུར་ཁྲོད་གནའ་རྫས་བརྟག་དཔྱད་དང་རིག་དངོས་སྲུང་སྐྱོང་ཞིབ་འཇུག་རྟེན་གཞི་འཛུགས་པའི་སྐུལ་སྤེལ་ཚོགས་འདུ་བསྡུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7ཚེས22ཉིན་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དབུས་ལམ་རྫོང་ཆུ་ཁོལ་གྱི་བང་སོའི་གནའ་རྫས་རྟོག་ཞིབ་དང་རིག་དངོས་སྲུང་སྐྱོབ་ཀྱི་ཞིབ་འཇུག་རྟེན་གཞི་འཛུགས་པའི་སྐུལ་སྤེལ་ཚོགས་འདུ་ཟི་ལིང་དུ་འཚོགས་པ་རེད། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་རྒྱུན་ཨུའམ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཀྲང་ཞི་མིང་། ཧྲིན་ཀྲང་གཞོན་པ་དབྱང་ཧྥུན་ཁྲུན་བཅས་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད་གནང་།

 ཀྲང་ཞི་མིང་གིས་ཟླ6ཚེས24ཉིན་རྒྱལ་ཁབ་རིག་དངོས་ཅུའུ་དང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་། ཞིང་ཆེན་སྲིད་གཞུང་བཅས་ཀྱིས་པེ་ཅིང་རྒྱལ་སའི་རྟེན་རྫས་བཤམས་མཛོད་ཁང་དུ《ཆུ་ཁོལ་དུར་ཁྲོད་གནའ་རྫས་རྟོག་ཞིབ་དང་རིག་དངོས་སྲུང་སྐྱོང་ཞིབ་འཇུག་རྟེན་གཞི་འཛུགས་པའི་སྒྲོམ་གཞིའི་གྲོས་མཐུན》ལ་མིང་རྟགས་བཀོད་པ་དང་། དེ་ལས་མཚོ་སྔོན་ཞིང་ཆེན་གྱི་གནའ་རྫས་རྟོག་ཞིབ་དང་རིག་དངོས་སྲུང་སྐྱོང་ཞིབ་འཇུག་རྟེན་གཞི་འཛུགས་སྐྲུན་ལས་དོན་གྱི་འགོ་བཙུགས་པ་མཚོན་ལ། འདི་ནི་རྒྱལ་ཁབ་རིམ་པས་ས་གནས་ཀྱི་གནའ་རྫས་རྟོག་ཞིབ་དང་རིག་དངོས་སྲུང་སྐྱོབ་ལ་རྒྱབ་སྐྱོར་བྱེད་པའི་གསར་གཏོད་ཀྱི་བྱེད་ཐབས་ཤིག་ཡིན་པ་དང་། ང་ཚོས་ངེས་པར་དུ་གོ་སྐབས་ལེགས་པོ་དམ་འཛིན་བྱས་ཏེ་སྔར་ལས་ལྷག་པར་མཉམ་ལས་བརྗེ་རེས་བྱས་མཐར། རང་ཞིང་གི་རིག་གནས་ཤུལ་བཞག་བྱ་གཞག་ལ་འཕེལ་རྒྱས་གསར་བ་འབྱུང་རྒྱུར་སྐུལ་འདེད་བྱེད་དགོས་ཞེས་བསྟན། 

 ཀྲང་ཞི་མིང་གིས་ཆུ་ཁོལ་དུར་ཁྲོད་ཀྱི་གནའ་རྫས་རྟོག་ཞིབ་དང་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་རྟེན་གཞིའི་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་པ་ནི་ང་ཚོའི་རིག་དངོས་སྲུང་སྐྱོབ་ལས་དོན་གྱི་ཆུ་ཚད་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པ་མཚོན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་རིག་དངོས་སྲུང་སྐྱོབ་ལས་དོན་ཐད་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། བསམ་བློའི་ངོས་འཛིན་མཐོ་རུ་གཏོང་བ་དང་། སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད། རང་འགུལ་གྱིས་སྐུལ་སྤེལ་བྱེད་པ་བཅས་ཆུ་ཁོལ་དུར་ཁྲོད་དེ་རང་ཞིང་དང་ཐ་ན་ནུབ་རྒྱུད་ས་ཁུལ་གྱི་རིག་དངོས་སྲུང་སྐྱོབ་རྟེན་གཞིའི་བཟོ་འགོད་ཞིག་ཏུ་འཛུགས་སྐྲུན་བྱེད་པར་བརྩོན་ལེན་བྱེད་དགོས་པར་ནན་གྱིས་བསྟན།

དབྱང་ཧྥུན་ཁྲུན་གྱིས་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་བཏང་སྟེ། ཚན་རིག་དང་མཐུན་པའི་སྒོ་ནས་གནས་བབ་འཆར་འགོད་བྱེད་པ་དང་། དམིགས་བསལ་གྱི་གོ་སྐབས་དམ་འཛིན་བྱས་ཏེ། ལྡོག་རྩ་གཅིག་སྒྲིལ་གྱིས་བདེ་འཇགས་ལ་འགན་སྲུང་བྱེད་པ་སོགས་ཞིང་ཆེན་ཡོངས་ཀྱི་རིག་གནས་དར་སྤེལ་ལ་སྐུལ་འདེད་བཏང་ནས་རིག་གནས་ཞིང་ཆེན་གྲགས་ཅན་འཛུགས་སྐྲུན་བྱེད་པར་བྱས་རྗེས་འཇོག་དགོས་པའི་བླང་བྱ་བཏོན།  །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།