2019ལོའི་ལས་རིགས་སློབ་གསོ་དང་གྲོང་ཁྱེར་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་མོལ་གྲོས་ཚོགས་ཟི་ལིང་དུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7ཚེས22ཉིན། 2019ལོའི་ལས་རིགས་སློབ་གསོ་དང་གྲོང་ཁྱེར་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་མོལ་གྲོས་ཚོགས་ཟི་ལིང་དུ་བསྡུས་ཤིང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། ཀྲུང་ཧྭ་ལས་རིགས་སློབ་གསོ་ཁང་གི་ལས་འཛིན་ཚོགས་གཙོ་ཧའོ་མེན་ཅིན་ཚོགས་འདུར་ཞུགས་པ་དང་འབྲེལ་ཏེ། 《ལས་རིགས་སློབ་གསོ་ནི་དེང་རབས་གྲོང་ཁྱེར་འཕེལ་རྒྱས་ཀྱི་རྨང་རྡོ་ཡིན》ཞེས་པ་བརྗོད་དོན་དུ་བཟུང་ནས་གཏམ་བཤད་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཀྱིས་ཤིས་ཚིག་ཕུལ་བ་དང་། ཀྲུང་གོ་ལས་རིགས་ལག་རྩལ་སློབ་གསོ་སློབ་ཚོགས་ཀྱི་ཚོགས་གཙོ། སློབ་གསོ་པུའུ་ཡི་དེ་སྔའི་པུའུ་ཀྲང་གཞོན་པ་ལུའུ་ཞིན་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིག་ཐུང་ཏི། ཧྲིན་ཀྲང་གཞོན་པ་ཀྲང་ལིས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་ཀྲུང་ཧྭ་ལས་རིགས་སློབ་གསོ་ཁང་གི་ཀྲུའུ་རིན་ཝང་ཞོན་བཅས་འགོ་རྩོམ་མཛད་སྒོར་ཞུགས།

ཧའོ་མེན་ཅིན་གྱིས་བསྟན་དོན།  ཟི་ལིང་གྲོང་ཁྱེར་ནི་མཚོ་སྔོན་ཞིང་ཆེན་གྱི་ལས་རིགས་སློབ་གསོའི་རྟེན་གཞི་གཙོ་བོ་ཡིན་པ་དང་།  ཟི་ལིང་གི་དཔལ་འབྱོར་དང་སྤྱི་ཚོགས་བཅོས་སྒྱུར་གསར་གཏོད་ཆེ་རུ་ཕྱིན་པའི་འགྲོས་དང་བསྟུན་ནས།  ལས་རིགས་སློབ་གསོའི་འཐབ་ཕྱོགས་ཀྱིས་གྲོང་ཁྱེར་གྱི་ཚུལ་སྒྱུར་འཕེལ་རྒྱས་ལ་རང་འགུལ་ངང་འཚམ་པོ་ཡོང་བར་འདེགས་སྐྱོར་བྱས་ཏེ། སློབ་གཉེར་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས། ཟི་ལིང་གི་བཅོས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། གྲོང་ཁྱེར་ལས་དོན་གྱིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཧྲིལ་པོའི་ཁྲོད་གོ་གནས་གལ་ཆེན་ཟིན་ཡོད་པ་དང་།  གྲོང་ཁྱེར་གྱི་འཕེལ་རྒྱས་ལ་ཚན་རིག་པ་དང་བཟོ་སྐྲུན་པ། ཚོང་གཉེར་དོ་དམ་ཤེས་ལྡན་མི་སྣ་བཅས་འབོར་ཆེན་དགོས་པ་མ་ཟད། བྱང་ཚད་མཐོ་བའི་ངལ་རྩོལ་པ་དང་ལག་རྩལ་དང་ནུས་རྩལ་འཛོམས་པའི་ཤེས་ལྡན་པའང་འབོར་ཆེན་མཁོ་བ་ཡིན་ཟེར།

མགོན་པོ་བཀྲ་ཤིས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་ཆེན། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་ཚབ་བྱས་ནས་ཚོགས་འདུ་བདེ་ལེགས་ངང་བསྡུས་པར་བཀྲ་ཤིས་བདེ་ལེགས་ཞུས། ཁོས་བཤད་རྒྱུར། ཉེ་བའི་ལོ་འདི་དག་གི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས“སྐྱེ་ཁམས་སྲུང་སྐྱོབ་སྔོན་དུ་འགྲོ་བར་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་འཚོ་བ་བསྐྲུན་པ”བཅས་བརྗོད་སྙིང་ཡིན་པའི“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཕེལ་རྒྱས་འཐབ་ཇུས་མཐའ་འཁྱོངས་བྱས་ཏེ། ས་མཐོའི་ཁྱད་ཆོས་དང་མཚོ་སྔོན་གྱི་ཁྱད་ཆོས་ལྡན་ཞིང་ཚན་རིག་དང་མཐུན་པའི་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་ཧུར་ཐག་བྱས་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་ལས་རིགས་སློབ་གླིང་དང་སློབ་གྲྭའི“གཟུགས་འདས་ཤུལ་བཞག་སློབ་གྲྭར་སྐྱོད་པ་དང་ལག་རྩལ་ཆེད་ལས་ཅན་དུ་གཏོང་བ། དགེ་རྒན་ཆེན་མོ་བ་སློབ་ཁང་དུ་གདན་འདྲེན་པ”བཅས་ཀྱི་བྱེད་ཕྱོགས་ལ་སྐུལ་འདེད་ཧུར་ཐག་བཏང་བར་བརྟེན། མཚོ་སྔོན་གྱི་ལས་རིགས་སློབ་གསོའི་བཅོས་སྒྱུར་ཕན་འབྲས་ལ་རྒྱལ་གཉེར་གྱི་བརྡ་ཁྱབ་བྱ་དགའ་ཐོབ་པ་དེའི་ཐོག་ནས། མཚོ་སྔོན་ཞིང་ཆེན་གྱི་ལས་རིགས་སློབ་གསོའི་འཕེལ་རྒྱས་དུས་མཚམས་གསར་པ་ཞིག་ཏུ་སླེབས་པ་མངོན་པར་མཚོན་ཡོད་ཟེར།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།