ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས་ཚད་གཞི་མཐོན་པོ་དང་ལས་ཕྱོད་ཆེ་བ་སྤུས་ཚད་མཐོ་བ་བཅས་ཀྱི་སྒོ་ནས་ལྟ་ཞིབ་བྱ་བར་གཞོགས་འདེགས་འགན་ལེན་ཡག་པོ་བསྒྲུབས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ7པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས་ཏང་རྩ་འཛུགས་(རྒྱ་ཆེའི་)ཚོགས་འདུ་འཚོགས་ནས། ཀྲུང་དབྱང་སྐབས་དྲུག་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་གི་མཚོ་སྔོན་ཞིང་ཆེན་གྱི་ལས་དོན་ལྟ་ཞིབ་སྐུལ་སློང་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། སྐུལ་སློང་ཚོགས་འདུའི་ཞིབ་ཕྲའི་བླང་བྱ་ལག་བསྟར་དོན་འཁྱོལ་དང་། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དོན་ཡག་པོ་བསྒྲུབ་རྒྱུར་བཀོད་སྒྲིག་དང་གཞོགས་འདེགས་བྱས། 

ཚོགས་འདུའི་ཐོག་བསྟན་དོན། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལམ་ལུགས་ནི་སྐྱེ་ཁམས་ཁོར་ཡུག་གི་མངོན་གསལ་དོད་པོའི་གནད་དོན་ཐག་གཅོད་དང་། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་བཅོས། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཡིན་པར་ངོས་འཛིན་གཏིང་ཟབ་བྱེད་པ་དང་། སྐུལ་སློང་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་ད་ལྟ་ལག་བསྟར་གཏིང་ཟབ་སྤེལ་བཞིན་པའི་“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བྱེད་པ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པར་སློབ་སྦྱོང་གཏིང་ཟབ་བྱས་ཏེ།  “བརྟན་པོ་དང་། གཅིག་བསྡུས། གནད་འཁེལ། གཉིས་ཞིབ། སྣེ་ཁྲིད། དཔེ་སྟོན་གྱི་ལྟ་ཞིབ་སྤྱིའི་བླང་བྱར་ངོས་འཛིན་གཏིང་ཟབ་བྱེད་པ། ནན་ཏན་གྱིས་ཚད་གཞི་མཐོ་པོ་དང་ལས་ཕྱོད་ཆེ་བ་སྤུས་ཚད་མཐོ་བ་བཅས་ཀྱི་སྒོ་ནས་ལྟ་ཞིབ་བྱ་བར་གཞོགས་འདེགས་འགན་ལེན་ཡག་པོ་བསྒྲུབ་དགོས་པར་བསྟན།

ཚོགས་འདུའི་ཐོག་ལྟ་ཞིབ་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་བྱ་རྒྱུ་དེ་ནི་མིག་སྔའི་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས། ཆབ་སྲིད་ཀྱི་གཏམ་བརྗོད་དང་། སྤྱི་ཡོངས་ཀྱི་མཐོ་ཚད་ལ་དམིགས་ནས། མྱུར་མགྱོགས་ཀྱིས་བསམ་བློ་གཅིག་གྱུར་གྱིས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་གྱིས་གཅིག་གྱུར་ཡོང་བ་བྱེད་པ་དང་། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་གོ་སྐབས་སུ་བཟུང་ནས། སྲ་ཞིང་བརྟན་པའི་ཏང་གཤིས་རྩ་དོན་དང་། མངོན་གསལ་གྱི་ཆབ་སྲིད་གནས་བབས། ཚད་མཐོའི་བྱ་སྤྱོད་ཀྱི་རང་རྟོགས་བཅས་ཀྱི་ཐོག་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཐོལ་བརྒལ་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ལས་དོན་སྒྲུབ་པ་དང་དོན་དངོས་ཀྱི་བྱ་བ་སྒྲུབ་ནས་བསམ་བློ་ངོས་འཛིན་དང་། འགན་འཁྲི་དོན་འཁྱོལ། སྤྱོད་ཚུལ་འཛུགས་སྐྱོང་།  ཏང་གི་འཛུགས་སྐྱོང་བཅས་མཐོར་འདེགས་ཤུགས་ཆེན་བཏང་ནས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་འཐབ་འཛིང་ལ་རྒྱལ་ཁ་ཐོབ་པ་བྱས་ཏེ་སྔར་བས་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱ་ཆེད་སྔར་ལས་ལྷག་པའི་ལེགས་སྐྱེས་གསར་པ་འབུལ་དགོས་པའི་བླང་བྱ་བཏོན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།