མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་འགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ཞིང་ཆེན་ཡོངས་ཀྱི་ལོ་སྟོད་ཀྱི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་བྱས་པ་དང་། གོ་རིམ་རྗེས་མའི་བྱ་བ་གཙོ་བོར་ཞིབ་འཇུག་བྱས་ལ། ཞིང་ཆེན་ཡོངས་ཀྱི་ལོ་སྟོད་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ལག་བསྟར་གནས་ཚུལ་དང་། ལོ་སྟོད་ཀྱི་ནོར་སྲིད་སྔོན་རྩིས་ལག་བསྟར་གནས་ཚུལ། སྲིད་གཞུང་བྱ་བའི་སྙན་ཞུའི་ལོ་ཧྲིལ་བོའི་དམིགས་འབེན་དང་དུས་ཚིགས་གཉིས་པའི་བྱ་བ་བཟང་བོར་བསྒྲུབས་པའི་འགུལ་སྐྱོད་ལྟ་ཞིབ་གནས་ཚུལ་བཅས་སྐོར་གྱི་སྙམ་ཞུ་ལ་ཉན།

ཚོགས་ཐོག་ནས། ད་ལོར། ཞིང་ཆེན་གོང་འོག་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་དང་སྲིད་གཞུང་བྱ་བའི་སྙན་ཞུའི་བཀོད་སྒྲིག་སྣ་ཚོགས་ལྟར། གཏན་འཇགས་ཁྲོད་འཕེལ་རྒྱས་བརྩོན་ལེན་བྱེད་པའི་སྤྱིའི་རྨང་གཞི་རྒྱུན་འཁྱོངས་བྱས་པ་དང་། ཧུར་ཐག་གིས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ལག་བསྟར་བྱས་ལ། ཉིན་བརྒྱའི་མཁྲེགས་གཏོར་སོགས་ཆེད་དོན་འགུལ་སྐྱོད་བྱེད་ཐབས་སུ་བྱས་པས། གྲུབ་འབྲས་བཟང་བོ་བླངས་པ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་སྤྱི་ཁོག་ནས་བརྟན་བརླིང་ཡིན་པ་དང་། གྲུབ་ཚུལ་ལེགས་སྒྲིག་དང་ལྗང་མདོག་འཕེལ་རྒྱས་ཀྱི་རྣམ་པ་བཟང་བ་དང་། དམངས་ཚིས་ལེགས་སྒྱུར་གྱི་སྤུས་ཚད་ལེགས་པ་སོགས་ཀྱི་ཁྱད་ཆོས་མངོན་ཟེར།

ཚོགས་ཐོག་ནས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ནོར་སྲིད་སྡེ་ཁག་གིས་གནད་དོན་དང་དམིགས་འབེན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། དཔལ་འབྱོར་ཉམས་རྒུད་དུ་འགྲོ་བའི་གནོན་ཤུགས་ལ་ཁ་གཏད་འཇལ་བ། སྔོན་རྩིས་ལག་བསྟར་དང་གྲུབ་འབྲས་དོ་དམ་ལ་ཤུགས་སྣོན་པ། དགོས་མེད་ཀྱི་འགྲོ་གྲོན་མེད་པར་བྱེད་པ། སྲིད་གཞུང་གིས་གྲོན་ཆུང་བྱེད་པར་བརྟེན་ནས་མི་དམངས་མང་ཚོགས་ཀྱི་འཚོ་བ་བཟང་བོ་རོལ་ཐུབ་པར་བྱེད་དགོས། ནོར་སྲིད་འགྲོ་སོང་གི་དོ་དམ་ལ་ཤུགས་སྣོན་པ་དང་། འགྲོ་སོང་ཐད་ཀྱི་འགལ་རྩོད་ཐག་གཅོད་པ། གཞི་རྩ་དང་གཙོ་གནད་ལ་འགན་སྲུང་བྱེད་པ་རྒྱུན་འཁྱོངས་བྱེད་པ། ནོར་ཁྲལ་སྒྲིག་གཞི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ། ནོར་སྲིད་དོ་དམ་ཆུ་ཚད་མཐོར་འདེགས་བཏང་སྟེ། གྲོན་ཆུང་རང་བཞིན་དང་ཕན་མཐོ་རང་བཞིན་གྱི་སྲིད་གཞུང་འཛུགས་སྐྲུན་བྱེད་དགོས་པའི་རེ་བ་བཏོན། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།