མཚོ་སྔོན་པོ་སྐོར་བའི་འགྲན་བསྡུར་སྣེ་ཁྲིད་དུ་བྱས་ནས་ཀྲུང་གོའི་རྐང་འཁོར་འགྲན་བསྡུར་གྱི་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་སྐབས་བཅོ་བརྒྱད་པ་དེ་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དུ་འགོ་འཛུགས་མེ་མདའ་གྲགས་ཏེ་འགྲན་བསྡུར་གྱི་དུམ་བུ་དང་པོ་སྟེ། ཧོ་ཧོང་ཁུལ་གསར་གྱི་ཟི་ལིང་ཚོགས་པའི་དུས་ཡུན་རྩིས་རྒྱག་པའི་འགྲན་བསྡུར་འགོ་ཚུགས་པ་ལས་མཚོ་སྔོན་པོ་སྐོར་བའི་རྐང་འཁོར་འགྲན་བསྡུར་འགོ་བཙུགས་ནས་ལོ18འཁོར་བ་མཚོན་གྱི་ཡོད། མདུན་སྐྱོད་ཀྱི་འཁོར་ལོ་དང་བསྟུན་ནས་མཚོ་བོད་ས་མཐོར་རྩ་བ་ཚུགས་པའི་འགྲན་བསྡུར་དེ་དེ་བས་ཐག་རིང་བའི་སར་རྒྱ་སྐྱེད་གཏོང་རྒྱུ་རེད།

འཛམ་གླིང་ཡང་རྩེར་གྲགས་པའི་མཚོ་བོད་ས་མཐོ་ནི་གྲང་ངར་ཆེ་ལ་གསོ་རླུང་དཀོན་པ་དང་རང་བྱུང་ཆ་རྐྱེན་ཞན་པོ་ཡོད། སྤྱི་ཚོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཡུན་རིང་བལྟོས་བཅས་ཀྱིས་ཞན་ཙམ་ཡོད་པས་གནས་དེར་རྒྱལ་སྤྱིའི་རང་བཞིན་གྱི་འགྲན་བསྡུར་སྤེལ་བར་ཡིད་ཆེས་བྱེད་མཁན་ཧ་ལམ་མེད། 2002ལོར་རྩལ་འགྲན་ལུས་རྩལ་ལྟེ་བར་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་འཕེལ་རྒྱས་ལམ་བུ་ཡུན་རིང་དཀའ་གནས་སུ་གྱར་བས་བསམ་ཕྱོགས་གསར་གཏོད་དང་ཐབས་ལམ་བཙལ་འཚོལ་གྱིས་མཚོ་སྔོན་པོ་སྐོར་བའི་རྐང་འཁོར་འགྲན་བསྡུར་བྱེད་འགོ་བརྩམས། 2002ལོར་སྤེལ་འགོ་བཙུགས་ཚུན་སྐབས་རིམ་བྱུང་གི་མཚོ་སྔོན་པོ་སྐོར་བའི་འགྲན་བསྡུར་ལ་ལེགས་སྒྲིག་འགའ་བྱས་ཏེ་ཟམ་མི་ཆད་པར་འབད་བརྩོན་དང་། ཟམ་མི་ཆད་པར་གསར་གཏོད། ཟམ་མི་ཆད་པར་ཡར་རྒྱས་བཅས་བྱུང་ཡོད།

ལོ་18རིང་གི་འཕེལ་རྒྱས་བརྒྱུད། མཚོ་སྔོན་པོ་སྐོར་བའི་འགྲན་བསྡུར་གྱིས་ཀྲུང་གོའི་རྐང་འཁོར་འགྲན་བསྡུར་གྱི་འཕེལ་རྒྱས་ལ་སྣེ་ཁྲིད་ཐུབ་ཅིང་། མཚོ་སྔོན་པོ་སྐོར་བའི་འགྲན་བསྡུར་གཞི་རྟེན་དུ་བྱས་ནས་མཚོ་སྔོན་དང་། ཀན་སུའུ། ཉིང་ཞ་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་གྱིས་དར་གོས་ལམ་བུའི་ལུས་རྩལ་འགྲན་བསྡུར་གྱི་བར་འཁྱམས་ཐུན་མོང་དུ་བཏོད་དེ་ལུས་རྩལ་དང་། རིག་གནས། ཡུལ་སྐོར་སོགས་ཐོན་ལས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བས་གནའ་བོའི་དར་གོས་ལམ་བུར་གསོན་ཤུགས་གསར་པ་རྒྱས་ཡོད། མཚོ་སྔོན་པོ་སྐོར་བའི་འགྲན་བསྡུར་གྱི་སྣེ་ཁྲིད་འོག་ཧའེ་ནན་གླིང་ཕྲན་སྐོར་བ་དང་། ཀྲུང་གོ་སྐོར་བ། ཞི་བདེ་རྒྱ་མཚོ་སྐོར་བ། ཧྥུའུ་ཀྲོའུ་སྐོར་བ། ཀོང་ཤིས་སྐོར་བ་སོགས་ཀྱི་འགྲན་བསྡུར་ཀྲུང་གོའི་ས་གནས་ཁག་ཏུ་རིམ་བཞིན་སྤེལ་བ་ལས། རྐང་འཁོར་གྱི་ལུས་རྩལ་ལ་ཀྲུང་གོར་མང་ཚོགས་ཀྱི་རྨང་གཞི་ཟབ་མོ་ལྡན་པ་ར་སྤྲོད་ཐུབ་ཡོད།

ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70འཁོར་བའི་ལོ་རེད་ལ། མཚོ་སྔོན་པོ་སྐོར་བའི་རྐང་འཁོར་འགྲན་བསྡུར་སྤེལ་འགོ་བཙུགས་ནས་ལོ་18འཁོར་བའི་ལོ་ཡང་རེད། ལོ་70རིང་གི་འཕོ་འགྱུར་ཆེན་པོ་དང་ལོ་18རིང་གི་དུས་ཚོད་དམ་འཛིན་བརྒྱུད། མཚོ་སྔོན་པོ་སྐོར་བའི་རྐང་འཁོར་འགྲན་བསྡུར་དེ་ལྗང་མདོག་གི་འགྲན་བསྡུར་དང་། སྒོ་དབྱེའི་འགྲན་བསྡུར། གསར་གཏོད་ཀྱི་འགྲན་བསྡུར། མཉམ་སྤྱོད་ཀྱི་འགྲན་བསྡུར། དྭངས་གཙང་གི་འགྲན་བསྡུར་བཅས་ཀྱི་འདུ་ཤེས་མུ་མཐུད་རྒྱུན་འཁྱོངས་ཀྱིས་འགྲན་བསྡུར་དེ་མཐོ་ཚད་གསར་པ་དང་། ཆུ་ཚད་གསར་པ། ནང་དོན་གསར་པ་བཅས་སུ་སླེབས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།