ལིག་ཉིང་གིས་དཔའ་ལུང་རྫོང་ཚ་ཕུག་ཞང་གི་ས་གཤིས་ཀྱི་གནོད་འཚེའི་གནས་ཚུལ་ལ་རྟོག་ཞིབ་བྱས།

མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་གིས་གློག་འཕྲིན་འབྱོར་གསལ། ཟླ་བདུན་པའི་ཚེས་ལྔ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་མཚོ་ཤར་གྲོང་ཁྱེར་དཔའ་ལུང་རྫོང་ཚ་ཕུག་ཞང་དུ་སོང་ནས་ས་གཤིས་ཀྱི་གནོད་འཚེའི་གནས་ཚུལ་ལ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། མི་དམངས་གཙོར་འཛིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་། སྔོན་འགོག་གཙོ་བྱེད་པ་དང་འགོག་བཅོས་ཟུང་འབྲེལ་བྱེད་པ། རྩ་ལག་མཉམ་བཅོས་བྱེད་པ་རྒྱུན་འཁྱོངས་བྱེད་པ། ཉེན་ཁ་རྟོག་སེལ་བྱེད་པ། རྒྱུ་རྐྱེན་དང་གནས་བབ་ལ་རྒྱུས་ལོན་ཡང་དག་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་འགོག་བཅོས་བྱེད་ཐབས་སྤྱོད་པ། སྟོབས་ཤུགས་ཡོད་རྒུས་རི་ཉིལ་བའི་མཁོ་སྒྲུབ་ཐག་གཅོད་དང་གནོད་འཚེ་འགོག་བཅོས་བྱ་བ་བཟང་བོར་བསྒྲུབ་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་ཟེར།

ད་ལོར། ཆར་བ་མོད་པའི་དབང་གིས་དཔའ་ལུང་རྫོང་ཚ་ཕུག་ཞང་གི་ས་ཁུལ་ཁ་ཤས་སུ་རི་ཉིལ་བའི་གནས་ཚུལ་བྱུང་ནས། ས་དེའི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་གནོད་པ་ཐེབས། ལིག་ཉིང་གིས་ས་གཤིས་གནོད་འཚེ་གནས་ཚུལ་ལ་ཡུལ་དངོས་རྟོག་ཞིབ་བྱས་རྗེས་ནན་གྱིས་བསྟན་དོན། གྲོང་ཁྱེར་དང་རྫོང་། ཞང་གི་ཏང་ཨུ་དང་སྲིད་གཞུང་། ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་བཅས་ཀྱིས་འགན་འཁྲི་ཕྲག་ཏུ་ལེན་པ་དང་། འབྲེལ་ཡོད་ཆེད་མཁས་པ་དང་མཉམ་དུ་གནོད་འཚེ་ཉེན་ཁའི་ཐད་ནས་བརྟག་བཤེར་གཏིང་ཟབ་བྱས་ནས། རི་ཉིལ་བ་དང་ས་གཤིས་ཀྱི་གནོད་འཚེའི་ཉེན་ཁར་སྤྱི་ཁོག་ནས་དཔྱད་འཇོག་བྱེད་དགོས་པ་དང་། ཇུས་གཞི་སྔར་ལས་འཐུས་ཚང་དུ་གཏོང་བ་དང་ཚན་རིག་དང་མཐུན་པའི་སྒོ་ནས་བྱེད་ཐབས་སྤྱོད་པ། སྟོབས་ཤུགས་ཡོད་རྒུས་མིག་སྔའི་འཕྲལ་བསྟུན་ཐག་གཅོད་དང་གནོད་འཚེ་འགོག་བཅོས་བྱ་བ་དམ་འཛིན་བྱས་ཏེ། དོན་རྐྱེན་མི་འབྱུར་བར་ཁག་ཐེག་བྱེད་དགོས། གནམ་གཤིས་དང་ཆུ་ལོག་སོགས་ཀྱི་ཉེན་བརྡའི་ཆ་འཕྲིན་ལ་དོ་སྣང་བྱེད་པ་དང་། ལས་རེས་ལམ་ལུགས་འཐུས་ཚང་དུ་གཏོང་བ། ལྟ་ཞིབ་ཚད་ལེན་དང་སྐོར་ཞིབ་ལ་ཤུགས་བསྣན་ནས། ཆུ་ལོག་རྒྱས་པའི་སྐབས་སུ་རི་ཆུ་འབུད་པའི་གནས་བབ་ཧ་ཅང་བཟང་བར་ཁག་ཐེག་བྱེད་པ་དང་། གནོད་འཚེ་འབྱུང་བར་བཀག་འགོག་བྱེད་དགོས། གནོད་འགོག་གནོད་སྐྱོབ་ཤེས་བྱའི་དྲིལ་སྒྲོག་སློབ་གསོ་སྤེལ་བ་དང་། རྒྱ་ཆེའི་མང་ཚོགས་ཀྱི་གནོད་འགོག་གནོད་སྐྱོབ་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། གནོད་འགོག་གནོད་སྐྱོབ་སྒྲིག་ཆས་འཛུགས་སྐྲུན་དང་དོ་དམ་བྱེད་པར་ཤུགས་སྣོན་པ། རང་དགར་དུ་འཛུགས་སྐྲུན་བྱེད་པར་བཀག་འགོག་བྱས་ནས། གནོད་འགོག་གནོད་སྐྱོབ་ནུས་པ་མཐོར་འདེགས་གཏོང་དགོས་ཟེར།

ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། མཚོ་ཤར་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཉེའོ་ཁྲིན་ཡུན་གྱིས་མཉམ་དུ་རྟོག་ཞིབ་བྱས།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།