མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ལས་གྲོས་ཚོགས་ཐེངས་བཅུ་གཉིས་པ་ཟི་ལིང་ནས་བསྡུ་འགོ་བརྩམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ལས་གྲོས་ཚོགས་ཐེངས་བཅུ་གཉིས་པ་ཟླ་དྲུག་པའི་ཚེས་ཉེར་དྲུག་ཉིན་ཟི་ལིང་ནས་བསྡུ་འགོ་བརྩམས། ཚོགས་ཐོག་ཏུ་ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་བྱས་ནས་དམངས་གཉེར་དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བར་དམིགས་ནས་གྲོས་མོལ་ཇུས་འབུལ་བྱས།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་འགོ་རྩོམ་གྲོས་ཚོགས་ལ་འགོ་མཛིན་བྱས། ཁོས་ནན་གྱིས་བསྟན་དོན། ཐེངས་འདིའི་ཆེད་དོན་སྲིད་གླེང་རང་བཞིན་གྱི་རྒྱུན་ལས་གྲོས་ཚོགས་ནི། ཞིང་ཆེན་སྲིད་གྲོས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་སྐོར་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། མིག་སྔའི་ཏང་དང་རྒྱལ་ཁབ་ཀྱི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་བཀོད་སྒྲིག་གལ་ཆེན་དང་མཚོ་སྔོན་གྱི་གནས་ཚུལ་དངོས་ལ་གཞིགས་ནས་བསྡུས་པའི་གྲོས་མོལ་བྱ་འགུལ་གལ་ཆེན་ཞིག་ཡིན་ལ། ཞིང་ཆེན་ཡོངས་སྲིད་གྲོས་ལས་ཁུངས་ཀྱི་སྲིད་གྲོས་རྩ་འཛུགས་ཀྱི་དགེ་མཚན་འདོན་སྤེལ་བྱས་ནས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་སྐུལ་འདེད་གཏོང་བའི་བརྗོད་དོན་འགན་སྒྲུབ་བྱ་འགུལ་གྱི་ནང་དོན་གཙོ་བོ་ཡང་ཡིན་པས། དུས་རིམ་སྔོན་མའི་བྱ་འགུལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་སྐྱེད་པ་དང་། གྲོས་ཚོགས་བརྗོད་དོན་ལ་དམ་དུ་དམིགས་པ། བརྗེ་རེས་བགྲོ་གླེང་གང་ལེགས་བྱེད་པ། རྒྱུན་མཐུད་ངང་རང་ཞིང་གི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་ཆེད་བློ་འདོན་ཇུས་འབུལ་བྱེད་པ་དང་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་བ། བརྗོད་དོན་འགན་སྒྲུབ་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་སྤྱི་ཡོངས་ལ་ཞབས་འདེགས་སྔར་ལས་བཟང་བོ་ཞུ་དགོས་ཟེར།

ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་གྱིས་མཚོ་སྔོན་ཞིང་ཆེན་གྱི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་དང་ཚོང་གཉེར་ཁོར་ཡུག་གནས་ཚུལ་སྐོར་གྱི་ཆེད་དོན་སྙན་ཞུ་ཕུལ། ཁོས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པས་སྐུལ་སློང་འོག ཞིང་ཆེན་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་གྱི་ཕྱོགས་བསྡུས་དངོས་ཤུགས་རྒྱུན་མ་ཆད་པར་ཇེ་དྲག་ཏུ་སོང་། གོ་རིམ་རྗེས་མར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སྐོར་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། དམངས་གཉེར་ཁེ་ལས་ཀྱིས་ནང་སྐྱེས་འཕེལ་རྒྱས་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་བར་རྒྱབ་སྐྱོར་བྱེད་པ། ལམ་ལུགས་ཀྱི་མཁོ་འདོན་ལེགས་བསྒྱུར་བྱེད་པ། ཁྲལ་དངུལ་ལམ་ལུགས་བཅོས་བསྒྱུར་མྱུར་དུ་སྤེལ་བ། དངུལ་བསྲེས་དཀའ་བའི་གནད་དོན་ཐག་བཅད་དེ། ཚོང་གཉེར་ཁོར་ཡུལ་སྔར་ལས་ཇེ་ལེགས་སུ་གཏོང་དགོས་ཟེར།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཅེ་ཡིས་ཞིང་ཆེན་སྲིད་གྲོས་རྟོག་ཞིབ་ཚོགས་པའི་ཚབ་བྱས་ནས་སྙན་ཞུ་ཕུལ་བ་དང་། རྟོག་ཞིབ་གནས་ཚུལ་དང་རྟོག་ཞིབ་གྲུབ་འབྲས་ཐད་ནས་ངོ་སྤྲོད་བྱས་ལ། རྒྱུན་ལས་ཨུ་ཡོན་བརྒྱད་ཀྱིས་ཚོགས་ཐོག་ནས་གཏམ་བཤད།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོ་ཡུང་དང་རིན་ཆེན་རྣམ་རྒྱལ། ཀྲང་ཧྲིག་ཁྲིན། ཏུའུ་ཅེ། མཱ་ཧའེ་དབྱིན། ཝང་ཞོན། ཏུའུ་ཏི་ཀྲི། དྲུང་ཡིག་ཆེན་མོ་ཝང་ཅིན་སོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་རེ་གཅིག་གྲོས་ཚོགས་ལ་ཞུགས། མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་འཐུས་ཚབ་པ། གྲོང་ཁྱེར་དང་ཁུལ་སྲིད་གྲོས། རྫོང་དང་ཆུའུ་སྐོར་ཞིག་གི་སྲིད་གྲོས་ཀྱི་འགན་ཁུར་མི་སྣ་གྲོས་ཚོགས་ཟུར་དུ་ཞུགས།

འབྲེལ་ཡོད་ཕྱོགས་ཀྱི་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་དུ་ཞུགས་ནས། ཨུ་ཡོན་གྱི་གཏམ་བཤད་ལ་ཉན། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།