མཚོ་སྔོན་ཞིང་ཆེན་གྱིས་མི་རིགས་སྐད་ཡིག(རྒྱ་བོད་སྐད་གཉིས)ཁྲིམས་ལུགས་རིག་པའི་སློབ་གསོ་ཞིབ་འཇུག་ཚོགས་པ་བཙུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་གྱི་མི་རིགས་སྐད་ཡིག(རྒྱ་བོད་སྐད་གཉིས)ཁྲིམས་ལུགས་རིག་པའི་སློབ་གསོ་ཞིབ་འཇུག་ཚོགས་པའི་སྒོ་བྱང་འགེལ་བའི་མཛད་སྒོ་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ཁྲིམས་ལུགས་རིག་པ་དང་སྤྱི་ཚོགས་རིག་པའི་སློབ་གླིང་དུ་སྤེལ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་ཞིང་ཆེན་ཁྲིམས་ལུགས་རིག་པའི་སློབ་ཚོགས་ཀྱི་ཚོགས་གཙོ་ཝང་ཞའོ་ཡུང་གིས་སྒོ་བྱང་བཀལ་ནས་གསུང་བཤད་གནང་།

ཝང་ཞའོ་ཡུང་གིས་བསྟན་དོན། མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག(རྒྱ་བོད་སྐད་གཉིས)ཁྲིམས་ལུགས་རིག་པའི་སློབ་གསོ་ཞིབ་འཇུག་ཚོགས་པ་ནི་མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་ཁྲིམས་ལུགས་རིག་པའི་སློབ་གསོ་ཞིབ་འཇུག་ཁྱབ་ཁོངས་ཀྱི་ཞིང་ཆེན་རིམ་པའི་ཆེད་ལས་ཞིབ་འཇུག་ཚོགས་པ་ཐོག་མ་ཡིན་ལ། དེས་མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་ལུགས་རིག་པའི་ཞིབ་འཇུག་ཆེད་ལས་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་ཐད་གོམ་པ་བརྟན་པོ་སྤོས་པ་མཚོན་ཞིང་། མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་ལུགས་རིག་པའི་ཞིབ་འཇུག་སྔར་བས་དར་རྒྱས་དང་གཏིང་ཟབ་ཏུ་གཏོང་བ། མཚོ་སྔོན་མི་རིགས་ས་ཁུལ་གྱི་ཁྲིམས་ལུགས་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པ། ཁྲིམས་ལྟར་ཞིང་ཆེན་སྐྱོང་བར་སྐུལ་འདེད་བྱེད་པ་བཅས་ལ་དོན་སྙིང་ཆེན་པོ་ལྡན། 

 ཝང་ཞའོ་ཡུང་གིས་མ་འོངས་པའི་ཞིབ་འཇུགས་ཚོགས་པའི་ལས་དོན་དང་འཕེལ་རྒྱས་ཐད་ནན་གྱིས་བཤད་རྒྱུར། གཅིག་ནས་ཆབ་སྲིད་ཀྱི་དགོངས་པས་ཚོགས་པ་འཛུགས་རྒྱུར་རྒྱུན་འཁྱོངས་བྱས་ཏེ་ཞིབ་འཇུག་ཚོགས་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་འགན་ལེན་བྱེད་དགོས། གཉིས་ནས་བྱ་བའི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ་ཞིབ་འཇུག་ཚོགས་པ་རང་ངོས་འཛུགས་སྐྲུན་བྱེད་པར་མཐོང་ཆེན་བྱས་ནས། མི་རིགས་ཀྱི་སྐད་ཡིག(བོད་རྒྱ་སྐད་གཉིས)རིམ་མཐོའི་ཁྲིམས་ལུགས་ཤེས་ལྡན་མི་སྣ་གསོ་སྐྱོང་ཆུ་ཚད་ཇེ་མགྱོགས་སུ་གཏོང་བའི་ལྟེ་བའི་ལས་འགན་དེར་དམ་པོར་དམིགས་ཏེ་རྨང་གཞི་ལྡན་པ་དང་རྒྱང་རིང་བསམ་པའི་ལས་དོན་མང་ཙམ་སྒྲུབ་དགོས། གསུམ་ནས་གོ་སྐབས་ཡོད་ཚད་གང་ལེགས་སྤྱད་དེ་ཞིབ་འཇུག་ཚོགས་པའི་གསར་གཏོད་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་ཁྲིམས་ལུགས་རིག་པའི་སློབ་གསོའི་ལས་དོན་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་གཏོང་བ་མ་ཟད། བདེ་སྐྱིད་ཀྱི་མཚོ་སྔོན་དང་ཁྲིམས་སྐྱོང་གི་མཚོ་སྔོན་བསྐྲུན་པའི་ཆེད་དུ་བྱས་རྗེས་འཇོག་དགོས།  །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།