མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་སྐབས་བཅོ་བརྒྱད་པ་ཟླ་བདུན་པར་འཚོག་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་སྒྲིག་འཛུགས་བྱས་པས“ཐན་ཡིའུ་ཏེ་བུམ་པའི”2019ལོའི་མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་སྐབས་བཅོ་བརྒྱད་པ་ད་ལོའི་ཟླ7པའི་ཚེས14ནས27ཉིན་བར་འཚོག་རྒྱུ་དང་སྐབས་དེ་དུས་འཛམ་གླིང་ས་ཕྱོགས་ཁག་གི་དཔུང་ཁག22འགྲན་བསྡུར་ལ་ཞུགས་རྒྱུ་ཡིན་པ་རེད།

ད་ཐེངས་ཀྱི་མཚོ་སྐོར་འགྲན་བསྡུར་གྱི་ལམ་ཐག་ཧྲིལ་པོར་སྤྱི་ལེ3001ཡོད་པའི་ནང་འགྲན་བསྡུར་བྱེད་པའི་ལམ་ཐག་སྤྱི་ལེ1631དང་འགྲན་ར་བརྗེ་བའི་ལམ་ཐག་སྤྱི་ལེ1370ཡོད་པ་དང་། འགྲན་བསྡུར་ཁྱོན་བསྡོམས་ཉིན14བྱ་རྒྱུ་དང་འགྲན་བསྡུར་ལམ་དུམ13དང་ངལ་གསོའི་ཉིན་མོ1བཀོད་སྒྲིག་བྱས་ཡོད། སྐབས་འདིའི་འགྲན་བསྡུར་གྱི་འགོ་འཛུགས་ས་ནི་མཚོ་སྔོན་ཞིང་ཆེན་མཚོ་ཤར་རྨ་ཙོང་ཁུལ་གསར་དང་མཇུག་འགྲིལ་ས་ནི་ཉིང་ཞའི་དབྱིང་ཁྲོན་ཡིན་པ་རེད། འགྲན་དུམ་གྱི་ལམ་བར་དུ་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དང་། ཟི་ལིང་གྲོང་ཁྱེར། མཚོ་ལྷོ་ཁུལ། མཚོ་ནུབ་ཁུལ། མཚོ་བྱང་ཁུལ་བཅས་དང་། ཀན་སུའུ་ཞིང་ཆེན་ཀྲང་དབྱེ་གྲོང་ཁྱེར་དང་། ཅིང་ཁྲང་གྲོང་ཁྱེར། ཝུའུ་ཝེ་གྲོང་ཁྱེར། ཉིང་ཞ་རང་སྐྱོང་ལྗོངས་ཀྲུང་ཝེ་གྲོང་ཁྱེར་དང་དབྱིང་ཁྲོན་གྲོང་ཁྱེར་བཅས་བརྒྱུད་དགོས་ཀྱི་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། སྐབས་འདིའི་མཚོ་སྐོར་འགྲན་བསྡུར་གྱིས་རང་འགུལ་ངང་ཧྥ་རན་སེ་སྐོར་བའི་རྐང་འཁོར་འགྲན་བསྡུར་སོགས་ལོ་བརྒྱ་གྲངས་སོང་བའི་འགྲན་བསྡུར་ཚད་གཞིར་བཟུང་ཡོད། རྒྱལ་སྤྱིའི་རྐང་འཁོར་འགྲན་བསྡུར་མནའ་འབྲེལ་གྱི་སྒྲིག་སྲོལ་གསར་པ་གཞིར་བཟུང་། མཚོ་སྐོར་འགྲན་བསྡུར་གྱིསUCIལས་རིགས་མུ་སྦྲེལ་འགྲན་བསྡུར་ལ་ཞུགས་རྒྱུའི་འདུན་ཞུ་བྱེད་བཞིན་ཡོད་པས་འགྲན་བསྡུར་གྱི་འགྲན་སྲོལ་དང་། ཤན་འབྱེད་པའི་དཔུང་ཁག སྒྲིག་འཛུགས་དོ་དམ་སོགས་ཀྱི་ཐད་འགྲན་བསྡུར་སྒྲིག་འཛུགས་ཀྱི་སྒྲོམ་གཞི་བསྐྱར་སྒྲིག་བྱ་རྒྱུ་རེད། མིག་སྔར་འདུན་ཞུའི་དཔྱད་ཡིག་ཀྲུང་གོ་རྐང་འཁོར་མཐུན་ཚོགས་ལ་ཞིབ་དཔྱད་བྱ་རྒྱུར་ཕུལ་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།